77226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་ཚབ་མི་ཕམ་བློ་གྲོས་ (1)
Part of speech མིང་ཚིག
Definition རྒྱལ་ཚབ་མི་ཕམ་བཀྲ་ཤིས་བློ་གྲོས་མཆོག་ནི། ཤར་ཀོང་པོ་ཉང་ཁའི་ཡུལ་དུ། ཡབ་ཆོས་རྗེ་འབའ་རོམ་པ་དང༌། ཡུམ་ཆོས་དཔལ་བཟང་མོའི་སྲས་སུ། རབ་བྱུང་བཅུ་པའི་མེ་གླང་ ༡༥༧༧ ལོར་སྐུ་བལྟམས། སྔོན་གནས་རྗེས་དྲན་གྱི་གསུང་མང་པོ་བྱོན། དགུང་ལོ་བཅུ་པ་ལ་སྒམ་པོ་སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་བའི་དྲུང་དུ་གཙུག་ཕུད་ཕུལ། མཚན་བཀྲ་ཤིས་བློ་གྲོས་གསོལ། ལོ་བཞིའི་བར་ཐར་རྒྱན་དང་སྔགས་ཕྱོགས་ལ་གསན་བསམ་མཛད། ཀུན་མཁྱེན་པདྨ་དཀར་པོས། རྗེ་ལྷ་རྩེ་པ་དང་བླ་སློབ་རྟེན་འབྲེལ་ལུང་བསྟན་པ་ལྟར། ལྷ་རྩེ་བ་རིགས་བདག་དུ་བསྙེན་ནས་། དགེ་ཚུལ་གྱི་བསླབ་པ་མནོས་ཏེ། མཚན་མི་ཕམ་བློ་གྲོས་གསོལ། ཕྱག་ཆེན་དང༌། བསྲེ་འཕོས་མཚོན་པའི། དབང་ཁྲིད་མན་ངག་མ་ལུས་པ་གསན། ལྕོག་མོ་བྱང་ཆུབ་སྙིང་པོའི་སྒྲུབ་སྡེར་བཞུགས། ཁམས་སྤྲུལ་དང་པོ་སོགས། མཆེད་གྲོགས་འགའ་དང་ལྷན་དུ། མི་ལའི་སྒྲུབ་གནས་རྣམས་མཇལ་ནས། རོ་སྙོམས་ཀྱི་སྤྱོད་པ་ལ་བྱོན། རྗེ་ལྷ་རྩེ་བའི་མདུན་ནས་བསྙེན་པར་རྫོགས། ཀོང་ཡུལ་དུ་ལུང་བསྟན་པ་བཞིན། ཤེལ་སྟོད་ལྷའི་ལྡིང་ཁང་ཞེས་མཚན་གནང༌། ཉེར་ལྔ་པ་ལ་ཤེལ་སྟོད་དུ་ཕྱག་ཕེབས་ནས། རྩྭ་ཤིང་སོགས་ཀྱི་སྤྱིལ་བུར། བྱ་བྲལ་ཁོ་ནའི་བརྟུལ་ཞུགས་གྱིས། འབྲུག་པའི་ཆེ་བ་རྣམ་གསུམ་ཉམས་བཞེས་གནང་ནས། སྒོམ་སྒྲུབ་ཁོ་ན་མཛད་པས། སྣོད་ལྡན་གྱི་གྲྭ་སློབ་བསམ་གྱིས་མི་ཁྱབ་པ་འདུས། ཤེལ་སྟོད་པ་ཞེས་སྙན་པས་ཕྱོགས་ཀུན་ཁྱབ། ཤར་ལྗོན་པ་ལུང་དང༌། ལཱ་མ་གནས་སུའང་སྒྲུབ་སྡེ་བཙུགས། དེར་སྒྲུབ་པ་གཙོར་བཏོན་མཛད། རྗེ་ལྷ་རྩེ་པ་ཞིང་བརྗེས་མཚམས། བཀའ་ལྟར། རྣམ་རྒྱལ་ལྷུན་པོར་བཞུགས་ནས། སྒམ་པོ་ཞབས་དྲུང་ནོར་བུ་རྒྱན་པ་དང་། རྒྱལ་དབང་དཔག་བསམ་དབང་པོས་དབུས་པའི། འབྲུག་པའི་བླ་ཆེན་དང༌། མི་ཆེན་ཕལ་ཆེའི་དབུ་བླར་གྱུར་ནས། གདུལ་བྱ་ཆེ་ཡང༌། སྐུ་ཚེ་དེ་རིང་ལ་བྱ་བཏང་ལས་ནོར་དངོས་ཁབ་ཙམ་བདག་གིར་མི་མཛད་པར། དེ་འཕྲལ་ཉིད་དུ། བླ་མ་དགེ་འདུན། གཙུག་ལག་རྟེན་གསུམ། དབུལ་འགྱེད་སོགས་ཀྱིས་དགེ་རྩར་གཏོང༌། ཐ་ན་གསོལ་ལྷག་རེ་བྱུང་ཡང་སྤྲང་སྟོན་མཛད། ལྐོག་གྱུར་ལུང་བསྟན་པ་སོགས་བརྗོད་ཀྱིས་མི་ལང༌། གསུང་མགུར། ཚོགས་ཆོས། ཞལ་གདམས། དྲིས་ལན་སོགས། བསྟན་བཅོས་ཀྱང་མང་དུ་མཛད། དགུང་གྲངས་དྲུག་ཅུར་ཕེབས་པའི་དབྱར། སྐུ་ཅུང་ཟད་སྙུན་པའི་ཚུལ་དུ་གྱུར་པར། སྐུ་རིམ་སྒྲུབ་པར་ཞུས་དུས། བྱེད་མི་དགོས། འཆི་དུས་ང་བས་བདེ་བ་ཨེ་འདུག ནད་ཟུག་མེད་པ་ཙམ་གྱིས་མིན། ཆོས་མིན་སྐད་ཅིག་ཀྱང་མ་བྱས་པས་བློའི་བདེ་བ་ལ་ཟེར་བ་ཡིན། ཁྱེད་རང་ཐམས་ཅད་ཀྱིས་ཀྱང་འདི་འདྲ་བ་རེ་ཨེ་ཡོང་ལྟོས་གསུངས་ནས། མེ་བྱི་ ༡༦༣༦ ལོའི་བོད་ཟླ་བརྒྱད་པའི་གནམ་གང་ཉིན་ཞི་བར་གཤེགས་སོ། །སྐུ་གདུང་བཞུས་པའི་དུས་སྤུར་ཁང་ནས་འོད་ཟེར་དཀར་པོ་ཕྱོགས་བཅུར་མདའ་རྒྱང་རེ་ཙམ་འཕྲོ་བ་སོགས་བྱུང༌། འདི་དུང་དཀར་རས་པའི་སྐུའི་སྐྱེར་གྲགས། སློབ་མའི་གཙོ་བོ་ནི། རྒྱལ་དབང་དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། རིག་འཛིན་འཇའ་ཚོན་སྙིང་པོ། གྲུབ་དབང་ཤེས་རབ་འབྲུག་རྒྱས། ཀོང་པོ་རྒྱལ་དབང་སྤྲུལ་སྐུ། ཤེལ་སྟོད་གདན་ས་བ་དགེ་སློང་རིན་པོ་ཆེ། མི་ཕམ་ཆོས་དཔལ་བཟང་པོ་སོགས་འགྲོ་བའི་འདྲེན་པར་འོས་པ་མང་པོ་བྱོན་ཏོ། །

{{#arraymap:རྒྱལ་ཚབ་མི་ཕམ་བློ་གྲོས་

|; |@@@ | | }}