77272

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་སྲས་ཀྱི་རྒྱུ་གསུམ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། རྒྱུ་གསུམ་ནི། སྙིང་རྗེ་ནི་དམིགས་རྣམ་ཅན་གྱི་སྙིང་རྗེ་གསུམ་མོ། །གཉིས་སུ་མེད་པའི་བློ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་མཐའ་གཉིས་དང་བྲལ་བའི་ཤེས་རབ་བོ། །བྱང་ཆུབ་ཀྱི་སེམས་ནི་འཕགས་པ་ཆོས་ཀུན་འགྲོ་བའི་མདོར་གསུང་པ་ལྟར་གནས་ལུགས་སྟོང་པ་ཉིད་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་སེམས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། དམིགས་པ་དང་རྣམ་པའི་མཚན་ཉིད་ཅན་གྱི་སྙིང་རྗེའི་སེམས་དང་། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བའི་གཉིས་སུ་མེད་པའི་བློ་དང་། གཞན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་བར་འདོད་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རྣམས་ནི་རྒྱལ་བའི་སྲས་པོ་རྣམས་ཀྱི་རྒྱུ་ཡིན་ནོ། །ཅིའི་ཕྱིར་གསུམ་པོ་འདི་ཙམ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུར་འཇོག་ཅེ་ན། གང་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་མ་ཚང་མེད་པ་དང་། ཕྱིན་ཅི་མ་ལོག་པ་ལ་ནན་ཏན་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བྱང་ཆུབ་ཆེན་པོའི་རྒྱུ་ལ་སློབ་པའི་ཕྱིར་རོ། །གསུམ་པོ་འདི་དག་ཀྱང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་རྒྱུ་མ་ཚང་མེད་པ་དང་། ཕྱིན་ཅི་མ་ལོག་ཡིན་ནོ། །ཞེས་རྗེ་བཙུན་རེད་མདའ་བའི་འཇུག་པའི་རྣམ་བཤད་ལས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]