77281
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རྒྱ་གར་གྱི་ཡུལ་དུ་རིགས་ཁྱད་པར་ཅན་གྱི་ཕ་མའི་རིགས་སུ་སྐུ་འཁྲུངས། ཡབ་ཡུམ་འབྱོར་བ་ཆེན་པོ་མེད་པས། ཁོང་གི་བསམ་པ་ལ་བླ་མ་མཇལ་བ་དང་། དབང་དང་གདམས་ངག་ཞུ་བ་དང་། དཔེ་ཆ་འབྲི་བ་ལ་གསེར་མང་དུ་དགོས་པར་འདུག བོད་ཡུལ་ན་ས་ལ་གསེར་བརྐོས་པས་ཆོག་པ་ཡོད་པར་འདུག་ཟེར་སྙམ་ནས་བོད་དུ་བྱོན་པ་དང་། མང་ཡུལ་གྱི་གྲོང་དུ་སླེབས་པ་དང་བཟའོ་སྟེ་ཅིག་གིས་ཡོན་བདག་བྱས་གསེར་སྲང་གང་རྙེད། དེ་ནས་གཙང་དིང་རིའི་གླང་འཁོར་དུ་བྱོན་པའི་ལམ་དུ་པཎྚི་ཏ་བོང་བུ་ལ་ཆིབས་ནས་བྱོན་པ་དང་འཕྲད་པས། དེ་ཇི་ལྟར་ཡིན་ཞེས་དྲིས་པས་བོད་དུ་ལོངས་སྤྱོད་འབུལ་བ་མ་བྱུང་ཟེར་སྐད། ཁོང་དེས་ཡི་མུག་ནས་སླར་རྒྱ་གར་དུ་ལོག་ནས། བླ་མ་དུས་འཁོར་ཞབས་པ་ཡབ་སྲས་ལ་གསེར་དེ་ཕུལ་བས། ཤིན་ཏུ་མཉེས་ནས། ཆུའི་དབང་ལ་སོགས་པ་རྣམས་བསྐུར། རྒྱུད་འགྲེལ་མཐའ་དག་སོགས་རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱིས་གསལ་བར་བྱས་ནས། མཆོག་དབང་གོང་མ་བསྐུར་ཏེ་སྦྱོར་བ་ཡན་ལག་དྲུག་པ་གནང་ནས་བསྒོམས་པས། རྟགས་བཅུ་ཡོན་ཏན་བརྒྱད་མཐར་ཕྱིན། ལུས་ཀྱི་འཁོར་ལོ་ཐམས་ཅད་བདེ་བས་གང་། མཆོག་གི་དངོས་གྲུབ་ཐོབ། བླ་མའི་གསུང་གིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་རྣམས་དར་བར་གྱིས་ཤིག་གསུངས་པས། དེ་ལྟར་བྱ་དགོས་ཏེ་དཔལ་ན་ལེནྡྲ་ན་རིག་པའི་གནས་ལྔ་ལ་མཁས་པའི་པཎྚི་ཏ་ལྔ་བརྒྱ་ཙམ་བཞུགས་པའི་སར་བྱོན་ནས། གང་གིས་དང་པོའི་སངས་རྒྱས་མ་ཤེས་པ་དེས། དཔལ་དུས་ཀྱི་འཁོར་ལོ་མི་ཤེས་སོ། །གང་གིས་དུས་ཀྱི་འཁོར་ལོ་མི་ཤེས་པ་དེས། མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །ཞེས་སོགས་བྲིས། གཞན་ཡང་དཔལ་དུས་ཀྱི་འཁོར་ལོ་བྱ་བའི་ཟབ་ལ་རྒྱ་ཆེ་བ་ལམ་མྱུར་བ་ཡོད་པས་མཉན་པར་གྱིས་བྱ་བ་ཕྱོགས་ཐམས་ཅད་དུ་བྲིས་པས། པཎྜི་ཏ་ལྔ་བརྒྱ་བོ་རྣམས་འདུས་ཏེ། གྲལ་ཞབས་ནས་རེ་རེ་བཞིན་ཁོང་ལ་བརྩད་པས་གཅིག་གིས་ཀྱང་ཁོང་མི་ཐུབ་པ་དང་། དུས་ཀྱི་འཁོར་ལོའི་དཔེ་ཆ་ཀུན་གྱིས་གཟིགས་པས་མོས་ཏེ། དུས་ཀྱི་འཁོར་ལོ་བྱ་བ་འདི་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་ཞིང་། ཐམས་ཅད་མཁྱེན་པ་ཁོ་ནའི་ཆོས་སུ་འདུག་པས་ད་ཁྱེད་ལ་ཉན་པར་ཞུ་བས། གསུང་བར་ཞུ། ཟེར་ནས་པཎྜི་ཏ་ལྔ་བརྒྱའང་འཁོར་ལྔ་བརྒྱ་ལྔ་བརྒྱད་དང་བཅས་རིན་པོ་ཆེ་སྣ་ཚོགས་རི་ལྟར་དུ་སྤུངས། ཀུན་གྱིས་གཙུག་རྒྱན་དུ་ཁུར་རོ། །ཁོང་གིས་ཀྱང་དབང་བདུན་ལ་སོགས་པ་བསྐུར་ནས། རྒྱུད་འགྲེལ་མ་ལུས་པ་གསུངས། མཆོག་དབང་གོང་མ་བསྐུར་ནས་སྦྱོར་བ་ཡན་ལག་གི་གདམས་པ་བཏབ། ཤིན་ཏུ་མཁས་ཤིང་རིག་པ་འཛིན་པ་བཞི་བཅུ་རྩ་གྲངས་ཤིག་བྱུང་ངོ་། ། |