77292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་སེངྒེ་ (1)
Part of speech མིང་ཚིག
Definition ཡབ་རྡོ་རྗེ་རྒྱལ་པོ་བྱ་བའི་སྲས་སུ་ཡུལ་ཟླ་རྒྱུད་ཀྱེ་ཡེ་རུ་སྐུ་འཁྲུངས། རུས་ཆེན་སྨུག་པོ་གདོང་། སྐུ་ན་གཞོན་ནུའི་དུས་ནས་མི་གཞི་བཟང་ཞིང་ཐུགས་ཆོས་ལ་འགྲོ་བ་ཤེས་རབ་དང་བརྩོན་འགྲུས་ཆེ་ཞིང་ཕྱག་བདེ་བ། ལྷའི་རི་མོ་བཟང་པོ་མཁྱེན་པའི་དོན་གྱི་མིང་ལྷ་པ་བྱ་བ་གྲགས་སོ། ལུས་མེད་རྡོ་རྗེ་མདུན་དུ་རབ་ཏུ་བྱུང་ནས་མཚན་ཚུལ་ཁྲིམས་སེང་གེ་བྱ་བར་བཏགས། གསང་མཚན་ལ་བདེ་བའི་རྡོ་རྗེ་ཞུ། སངས་རྒྱས་རས་ཆེན་ནས་བརྒྱུད་པའི་བཀའ་ལུང༌། མན་ངག་ཁྲིད་ཀྱི་རིམ་པ་རྣམས་རྫོགས་པར་གསན་ཅིང། བརྩོན་འགྲུས་དྲག་པོའི་སྒོ་ནས་ཉམས་སུ་བླང་ཤིང་སྒོམ་པས། ཉམས་རྟོག་གི་ཡོན་ཏན་དཔག་ཏུ་མེད་པ་ཐུགས་ལ་འཁྲུངས་ཞིང༌། བླ་མ་དམ་པ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། གདམ་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་ངོ༌། །དབུས་སུ་བྱོན་ཏེ་རྔོག་པའི་གདུང་རྒྱུད་དང༌། ཤངས་པ་བཀའ་བརྒྱུད་རྣམས་ལ་གཏུག་ཅིང༌། ནི་གུ་ཆོས་དྲུག་ལ་སོགས་གདམ་པ་མང་དུ་ཞུས། གཞན་ཡང་རྟོག་ལྡན་རྣལ་འབྱོར་རས་ཆུང་ལ་སོགས་དབུས་གཙང་གི་བླ་མ་མང་པོ་བསྟན་ནས། རྫོགས་ཆེན། ལམ་འབྲས། སྦྱོར་དྲུག་ལ་སོགས་གདམས་པ་དཔག་ཏུ་མེད་པ་ཞུས་ནས་སྒྲོ་འདོག་ཆོད་པར་མཛད་དོ། །དེ་ནས་རེས་གཅིག་གི་ཚེ། བླ་མ་དམ་པའི་ཕྱི་རྟེན་ཇོ་བོའི་སྐུ་དང༌། ནང་རྟེན་གསེར་འབུམ་ལྷ་ཁང་འབུམ་ཆུང་ལ་སོགས་བཞེངས་པའི་བདག་རྐྱེན་གྱི་གཙོ་བོ་ནི་བླ་མ་ལྷ་པ་ཡིན་ཞིང༌། ཁྱད་པར་དུ་ཡང་ལྷ་ཁང་གི་ནང་ནས་ལོགས་བྲིས་བྱས་པས་མ་མགོན་གྱི་སྐུ་ལ་སོགས་ཕལ་ཆེར་ལྷ་པ་རང་གི་ཕྱག་བྲིས་མཛད་ཅིང་ཡོད་པ་ལ། སྐབས་དེར་མཚལ་ཤིན་ཏུ་དཀོན་པ་གཅིག་བྱུང་བས་ཡེ་ཤེས་ཀྱི་མཁའ་འགྲོ་མས་མཚལ་དཀར་ཐུམ་པོ་གཅིག་ཕུལ་བ་ལྷ་ཁང་ལ་སོགས་རྟེན་གསུམ་ལ་ཅི་གསོལ་བྱུང་། ལྷ་ཁང་རྟེན་གསུམ་གྲུབ་པར་མཛད་ཅིང༌། དབོན་པོ་བྱང་ཆུབ་གཞོན་ནུ་ནང་ཆེན་དུ་བླ་མའི་གདན་སར་བཀོས་སྟེ། སྒོམ་སྡེ་ལ་སོགས་གྲྭ་ནང་ཐམས་ཅད་མགོ་ལུས་ལེགས་པར་སྤྲད་པ་ཡིན་ནོ། གྲུབ་ཐོབ་གླིང་རྗེ་རས་པའི་རྣམ་འཕྲུལ་ཡིན་ཞེས་ཡོངས་སུ་གྲགས་པར་གདའ། བླ་མ་རིན་པོ་ཆེ་ཁོང་གིས་འབྲི་ཟླ་བར་གྱི་འགྲོ་བ་དཔག་ཏུ་མེད་པ་ལ་ཆོས་འཁོར་བསྐོར་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཀོད་དོ། །དགུང་ལོ་བདུན་ཅུ་དོན་བདུན་ལ་སྐུ་གཤེགས། དེ་ལ་སློབ་མ་མང་དུ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་ནི། སློབ་དཔོན་ཚུལ་ཡེ་བ། གྲུབ་ཐོབ་སྔོན་པོ། གླེ་བན་འཕགས་པ། དགོན་སར་པའི་བླ་མ་གྲགས་རྡོར་བ། མགོན་པོ་རྡོ་རྗེ་རྣམས་ཡིན་ནོ། །མཛད་ཆོས། སྤྲིང་ཡིག་ཅལ་ཅོལ་རིང་མོ་དང་། ཕྱག་རྒྱ་ཆེན་པོའི་གླུ། མགུར་སོགས་བསྟན་བཅོས་མང་དུ་མཛད་དོ། ། རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན། ། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་ཉིན་དགོན་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།

{{#arraymap:རྒྱལ་སྲས་ལྷ་པ་ཚུལ་ཁྲིམས་སེངྒེ་

|; |@@@ | | }}