77364

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་གསུམ་ལས་སྐྱེས་པའི་བྱང་སེམས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། རྒྱུད་བླར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སེམས་ཀྱི་ཆོས་ཉིད་མཐོང་སྤང་གིས་མ་དག་པའི་གནས་སྐབས་སུ་སེམས་ཅན་དང། མཐོང་སྤང་གིས་དག་ནས་སྒོམ་སྤང་གིས་མ་དག་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་དང། དྲི་མ་གཉིས་ཀས་དག་པའི་གནས་སྐབས་སུ་རྫོགས་པའི་སངས་རྒྱས་ཞེས་བརྗོད་པ་ལྟར་འདིར་ཡང་ཀུན་རྫོབ་སེམས་བསྐྱེད་རྒྱུད་ལ་སྐྱེས་པ་ནས་སངས་རྒྱས་ཀྱི་སའི་བར་དུ་སོ་སོ་སྐྱེ་བོའི་གནས་སྐབས། བྱང་ཆུབ་སེམས་དཔའི་གནས་སྐབས། དེ་བཞིན་གཤེགས་པའི་གནས་སྐབས་ཏེ་གསུམ་དུ་ཕྱེ་བའི་བྱང་ཆུབ་སེམས་དཔའ་ཉིད་ལ་འཇོག་སྟེ། དེ་ནས་བཟུང་སྟེ་དེ་ནི་དེ་ཐོབ་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་གསུངས་པ་དང་དོན་གཅིག་གོ ། སྙིང་རྗེ་དང། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་བྱང་སེམས་འཁྲུངས་པའི་ཚད་ནི་སེམས་དེ་རྒྱུད་ལ་སྐྱེས་པ་ཙམ་གྱིས་ཐ་སྙད་འཇོག་པར་སྤྱོད་འཇུག་ལས་གསུངས་ཀྱང། གཉིས་སུ་མེད་པའི་ཡེ་ཤེས་ལས་བྱང་སེམས་འཁྲུངས་པའི་ཚད་ནི་ངེས་པར་འཕགས་པར་འཇོག་དགོས་ཏེ། བདག་མེད་རྟོགས་པའི་ཡུམ་ཚོགས་སྦྱོར་གཉིས་ཆར་ཡོད་ཀྱང་དེས་བསྐྱེད་པའི་སྲས་ངེས་པར་འཕགས་པ་ལ་འཇོག་པ་དང་གནད་གཅིག་པའི་ཕྱིར་རོ། །དེས་ན་སོ་སོ་སྐྱེ་བོའི་གནས་སྐབས་སུ་རྒྱུ་གསུམ་ཉམས་སུ་བླངས་པ་ལས་ས་དང་པོའི་རྒྱས་སྲས་འཁྲུངས་པར་འདིར་བཞེད་ཀྱང་དེ་ཡན་ཆད་དུ་ཆོས་གསུམ་མེད་པ་ནི་མ་ཡིན་ཏེ། དཔེར་ན་རྒྱུད་བླ་མར། སོ་སོ་སྐྱེ་བོའི་གནས་སྐབས་སུ་ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན་དང། བདག་མེད་རྟོགས་པའི་ཤེས་རབ་ཀྱི་མ་དང། བསམ་གཏན་གྱི་མངལ་དང། སྙིང་རྗེའི་མ་མ་བཞི་ཉམས་སུ་བླངས་པ་ལས་བདེ་གཤེགས་སྙིང་པོ་མངོན་སུམ་དུ་མཐོང་བའི་རྒྱལ་སྲས་འཁྲུངས་པར་བཤད་ཀྱང་དེ་ཡན་ཆད་དུ་ཆོས་བཞི་མེད་པ་མ་ཡིན་པ་བཞིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། རྒྱུ་གསུམ་ལས་འཁྲུངས་པའི་རྒྱལ་སྲས་ཀྱི་ས་མཚམས་ནི། རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པའི་དངོས་བསྟན་གྱི་རྒྱལ་སྲས་ཡིན་ན། རྒྱལ་སྲས་འཕགས་པ་ཡིན་པས་ཁྱབ་སྟེ། རྒྱལ་སྲས་རྣམས་ཀྱི་ཞེས་པའི་དངོས་བསྟན་གྱི་རྒྱས་སྲས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །ཞེས་པའི་དངོས་བསྟན་གྱི་བྱང་ཆུབ་སེམས་དཔའ་དང་། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་ཞེས་པའི་དངོས་བསྟན་གྱི་བྱང་ཆུབ་སེམས་དཔའ་དང་། རྒྱལ་སྲས་འཕགས་པ་དང་། བྱང་སེམས་འཕགས་པ་དང་། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །ཞེས་མཁན་ཆེན་ངག་ཆོས་ཀྱིས་དབུ་འཇུག་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།