77424

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་བཞིས་མྱ་ངན་ལས་མ་འདས་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ མི་ཁོམ་པར་སྐྱེས་པ་ནི། གང་དུ་འཁོར་བཞི་པོ་རྣམས་དང༌། དམ་པ་རྣམས་དང༌། ཡང་དག་པར་སོང་བ་རྣམས་དང༌། སྐྱེས་བུ་དམ་པ་རྣམས་མི་འགྲོ་བའི་མཐའ་འཁོབ་ཀྱི་རྐུན་མ་རྣམས་དང༌། ཀླ་ཀློ་རྣམས་སུ་སྐྱེས་པ་ཡིན་ཏེ། དེ་མི་ཁོམ་པར་སྐྱེས་པ་ཞེས་བྱའོ། །༢ བག་མེད་པའི་ཉེས་པ་ནི། དེ་གང་དུ་འཁོར་བཞི་པོ་རྣམས་དང༌། དམ་པ་རྣམས་དང༌། ཡང་དག་པར་སོང་བ་རྣམས་དང༌། སྐྱེས་བུ་དམ་པ་རྣམས་འགྲོ་བ་འདི་དུས་ཀྱི་རྐུན་མ་མ་ཡིན་པ་རྣམས་དང༌། ཀླ་ཀློ་མ་ཡིན་པ་རྣམས་སུ་སྐྱེས་ཤིང༌། རིགས་མཐོན་པོ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་ཏུ་སྐྱེས་སུ་ཟིན་ཀྱང༌། འདོད་པ་དག་ལ་ལྷག་པར་ཆགས་ཤིང་ཡོངས་སུ་ལོངས་སྤྱོད་པར་བྱེད་དེ། ཉེས་དམིགས་སུ་མི་ལྟ་ཞིང་ངེས་པར་འབྱུང་བ་རབ་ཏུ་མ་ཤེས་པ་ཡིན་ཏེ། དེ་བག་མེད་པ་ཞེས་བྱའོ། ། ༣ ལོགས་པར་ཞུགས་པ་ནི། འདི་ལྟར་དབུས་ཀྱི་མི་རྣམས་སུ་སྐྱེས་པའི་བར་དུ་རྒྱས་པར་གྱུར་ཀྱང་མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པར་གྱུར་ནས་སྦྱིན་པ་མེད་དོ་ཞེས་བྱ་བ་ནས་འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་བྱ་བ་མེད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་ཡིན་ཏེ། མུ་སྟེགས་ཅན་གྱི་ལྟ་བ་དེ་ཡང་དེས་སངས་རྒྱས་རྣམས་འབྱུང་བ་མེད་པ་དང༌། དམ་པ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་མེད་པའི་ཚེ་ན་རྙེད་པར་འགྱུར་ཏེ། དེ་ནི་ལོག་པར་ཞུགས་པ་ཞེས་བྱའོ། ། ༤ སྒྲིབ་པའི་ཉེས་པ་ནི། འདི་ལྟར་དབུས་ཀྱི་མི་རྣམས་སུ་སྐྱེས་པའི་བར་དུ་རྒྱས་པར་སྔ་མ་བཞིན་དུ་གྱུར་ཅིང་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང༌། དམ་པའི་ཆོས་སྟོན་པ་འི་དགེ་བའི་བཤེས་གཉེན་དག་རྙེད་པར་གྱུར་ཀྱང༌། དེ་གླེན་པ་དང༌། དིག་པ་དང༌། ལྐུགས་པ་དང༌། ལག་པས་བརྡ་བྱེད་པར་འགྱུར་ཞིང་ལེགས་པར་གསུངས་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཀུན་ཏུ་ཤེས་པར་མི་ནུས་པ་དང༌། མཚམས་མེད་པའི་ལས་རྣམས་བྱེད་པར་འགྱུར་པ་དང༌། ཉོན་མོངས་པ་ཡུན་རིང་བ་ཡིན་ཏེ་དེ་ནི་སྒྲིབ་པ་ཞེས་བྱའོ། །རྒྱུ་གང་གིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་རྣམས་ཡོངས་སུ་མྱ་ངན་ལས་མ་འདས་པའི་རྒྱུ་ནི་བཞི་པོ་དེ་དག་ཡིན་ནོ། །
Domain ཆོས་ལུགས།