77457

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་མཚན་ཉིད་ཐེག་པའི་དཔལ་ལྡན་རྡོ་རྗེ་འཆང་གསུམ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། འཇམ་དཔལ་མཚན་བརྗོད་ཀྱི་སྐབས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པའི་དོན་ལ། རྫོགས་ཆེན་སྤྱི་ཏི་ཡོ་གའི་ལུགས་ལྟར་རྒྱུད་ཚིག་འབྲུ་གཉེར་གྱིས་རྣམ་པ་བཅུར་བཀྲལ་ཏེ་གསུངས་པའི་ཡ་གྱལ། རྒྱུ་མཚན་ཉིད་ཀྱི་དཔལ་ལྡན་རྡོ་རྗེ་འཆང་ལ། ཉན་ཐོས་ཀྱི་དཔལ་ལྡན་རྡོ་རྗེ་འཆང་དང་། རང་རྒྱལ་གྱི་དཔལ་ལྡན་རྡོ་རྗེ་འཆང་དང་། བྱང་ཆུབ་སེམས་དཔའི་དཔལ་ལྡན་རྡོ་རྗེ་འཆང་བཅས་གསུམ་དུ་གསུངས་ཏེ། འདི་དག་གི་དོན་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་ལ་རྒྱུ་མཚན་ཉིད་ཀྱི་དེ་ནས་གསུམ་སྟེ། ཉན་ཐོས་ཀྱི་དེ་ནས་ནི། རྩོལ་སྒྲུབ་ཀྱི་སྒོ་ནས་དཀའ་ཐུབ་དང་བརྟུལ་ཞུགས་སྤྱོད་པའི་དེ་ནས་སོ། །དཔལ་ནི་བདག་གཅིག་པུའི་དཔལ་ལོ། །རྡོ་རྗེ་ནི་སྐྱིལ་མོ་ཀྲུང་དུ་བཅས་པ་ནས་གནས་པའོ། །འཆང་བ་ནི་དཀའ་ཐུབ་དང་བརྟུལ་ཞུགས་འཆང་བའོ། །རང་རྒྱལ་བའི་དེ་ནས་ནི་སློབ་དཔོན་མེད་པར་རང་གིས་རྟོགས་པ་དེ་ནས་སོ། །དཔལ་ནི་བདག་དང་གཞན་དོན་ཕྱོགས་གཅིག་ཙམ་གྱི་དཔལ་ལོ། །ལྡན་པ་ནི་རྟེན་འབྲེལ་བཅུ་གཉིས་དང་ལྡན་པའོ། །རྡོ་རྗེ་འཆང་ཞེས་པ་ནི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་དོན་འཆང་བའོ། །བྱང་ཆུབ་སེམས་དཔའི་ཐེག་པའི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ། དེ་ནས་ནི་དད་པ་རྣམ་པ་གསུམ་བསྐྱེད་ནས་བརྩོན་འགྲུས་བརྩམས་པ་དེ་ནས་སོ། །དཔལ་ནི་བདག་དང་གཞན་གཉིས་ཀའི་དཔལ་ལོ། །ལྡན་པ་ནི་ཕ་རོལ་ཕྱིན་པ་དྲུག་དང་ལྡན་པའོ། །རྡོ་རྗེ་འཆང་ནི་བདེན་པ་དབྱེར་མེད་ཀྱི་དོན་འཆང་བ་སྟེ། རྒྱུའི་ཐེག་པའི་དཔལ་ལྡན་རྡོ་རྗེ་འཆང་ལ་གསུམ་དུ་བཤད་པའོ། །ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]