77690
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་ནི། ༡༤༡༩ ལོར་གཙང་རྟ་ནག་ཏུ་སྐུ་འཁྲུངས། སྣར་ཐང་དུ་རབ་ཏུ་བྱུང་། རྗེ་དགེ་འདུན་གྲུབ་པ་དང་། རྗེ་ཤེས་རབ་སེངྒེ། རྒྱུད་ཆེན་སྦྱིན་པ་དཔལ་བ། རྒྱུད་པ་གྲགས་བཟང་བ་སོགས་མཁས་གྲུབ་དུ་མ་བསྟེན་ནས་མདོ་རྒྱུད་གཞུང་ལུགས་མན་ངག་ཡོངས་རྫོགས་རྒྱ་མཚོའི་མངའ་བདག་ཏུ་གྱུར། དགུང་གྲངས་ ༤༦ཕེབས་པ་ ༡༤༦༤ ལོར་ཐུབ་བསྟན་སྤྱི་དང་། ཁྱད་པར་རྗེ་རྒྱལ་བ་གཉིས་པའི་བསྟན་པ་སླར་སྤེལ་བའི་ཐུགས་བསྐྱེད་ཀྱིས། ནང་རྟེན་ཐུབ་དབང་ཚུལ་ཁྲིམས་མ་དང་། མགོན་པོ་ཕྱག་དྲུག་པའི་ཞལ་ཐང་། ནང་མཆོད་ཀ་པཱ་ལ་བཅས་རྟེན་སྐལ་དུ་བསྣམས་ནས་དབུས་སྟོད་བྱམས་པ་གླིང་དུ་གདན་ས་མཛད་སྐབས་ཤིག་ལ་རྒྱུད་སྨད་དུ་གདན་ས་བསྐྱང་བར་ཕེབས་དགོས་ཞུ་དོན་བཞིན་ཕེབས་ལ་དགོངས་པའི་མཚན་མོའི་མནལ་ལམ་དུ་བུད་མེད་ཅིག་གིས་ལ་མོ་དང་ཕག་མོ་གཉིས་ཀྱི་བར་དར་ཚོན་སྣ་ལྔས་ཡོལ་བ་འཐེན་པ་རྨིས་པས། ཐུགས་འགྱུར་ནས་མི་ཕེབས་པར་ཐག་བཅད། ༡༤༧༤ དགུང་གྲངས་ ༥༦ ཤིང་རྟ་ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཕྱག་བཏབ་སྟེ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་པ་བཙུགས་པར་མཛད། རིམ་པས་གྲྭ་ཚོགས་ཇེ་ཆེར་དང་བཤད་སྒྲུབ་གོང་འཕེལ་དུ་གྱུར་ཏེ་རྗེ་ཤེས་རབ་སེང་གེ་དང་། སྦྱིན་པ་དཔལ་བ་གཉིས་ཀྱི་རྣམ་ཐར་མ་ཉམས་པར་བསྐྱང་བར་མཛད། ཆུ་མདའི་ཆོས་ཐོག་འཆད་ཉན་མཛད་པའི་སྐབས་ལྷ་སར་ཆུ་ཉེན་ཆེན་པོ་བྱུང་སྟེ། སྡེ་པ་སྐྱིད་ཤོད་ནས་ཕོ་ཉ་མངགས་ཏེ་རྗེ་ཉིད་ཆུ་བཟློག་ཏུ་འབྱོན་དགོས་ཀྱི་ཕོ་ཉ་བཏང་བར་ཆོས་རྭར་འབྱོར་ནས་བཀའ་ཡིག་ཕུལ་བ་དང་འཆད་ཉན་མནན་སྦྱོར་གྱི་ཚིག ། ཆུ་ཡི་སྟེང་དུ་བཅག་པར་བྱ། །གསུངས་པ་དང་དུས་མཉམ་འཁེལ་བས་རྟགས་རྟེན་ལེགས་པར་འགྲིགས་པས་ཆོས་མཚམས་བཞག་སྟེ། རྗེ་ཉིད་སྐྱིད་ཆུར་བཞུགས་གདིང་ཐོག་རྫུ་འཕྲུལ་གྱིས་ཕེབས་ནས་ལྷ་སའི་གནོད་བཅུད་གཉིས་འཇིགས་པ་ལས་བསྐྱབ་པའི་ལེགས་སྐྱེས་སུ་གཞུང་ས་མཆོག་ནས་རྭ་མོ་ཆེ་རྟེན་དང་བརྟེན་པར་བཅས་པ་རྟེན་སྐལ་དུ་ཕུལ་ཅིང་། དེ་ནས་བཟུང་རྭ་མོ་ཆེར་གདན་ས་མཛད། རྗེ་ཉིད་དབུས་སྟོད་ཕྱོགས་སུ་ཕེབས་དགོངས་གཏད་དེ་ཇོ་བོ་ལ་དབུས་སྟོད་ཕྱོགས་སུ་ཕེབས་དགོས་ཚུལ་ཞུས་པ་དང་། གསུང་རྩོམ་གྱི་རིམ་པ་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་མན་ངག་རིམ་གཉིས་གཏེར་མཛོད་དང་བསྐྱེད་རྫོགས་སོགས་གསུང་རབ་མཐའ་ཡས་པ་ཞིག་ཡོད་པ་མ་ཟད། ཉིད་ཀྱི་ཞལ་གདམས་དགེ་འདུན་རྣམས་ཀྱིས་སྤང་བླངས་ཀྱི་ཁྲིམས་སུ་བཅའ་བའི་རིམ་པར་སྟོན་པའི་བཅའ་ཡིག་ཀྱང་བཞུགས། ཞལ་སློབ། རྒྱ་མ་བ་ལྷ་དབང་རིན་ཆེན་དང་། ཆོས་རྗེ་ཡེ་ཤེས་རྩེ་པ། ཡེ་ཤེས་མགོན་པོའི་གྲུབ་ཆེན་བླ་མ་ཕྱག་དྲུག་པ། སློབ་དཔོན་དཔལ་ལྡན་འོད་ཟེར། བཤེས་གཉེན་ངག་དབང་མཆོག་གྲུབ། མེ་ཙར་དཀའ་བཅུ་ཆོས་ཀྱི་རྒྱལ་མཚན། ལྷོ་པ་དཀའ་བཅུ་པ་ཧྲལ་མོར་གྲོགས་པ། དྲུང་གཟིགས་ཆུང་བ་དཀའ་བཅུ་ཀུན་བཟང་བ། དཀའ་བཅུ་པ་སྦུ་ར་སོགས་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ཞིང་། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས། ༡༤༨༦ དགུང་གྲངས་༦༨ ཕེབས་པ་མེ་ཕོ་རྟའི་ལོར་ཧོར་ཟླ་༢ པའི་ཚེས་༦ ལ་དབུས་སྟོད་བྱམས་པ་གླིང་དུ་སྐུ་ཞི་དབྱིངས་སུ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བས། ཐུགས་ལྗགས་གཉིས་དང་དབུ་ཐོད་རིང་བསྲེལ་གྱིས་བརྒྱན་པ་བྱོན་པ་ནང་གཟུངས་སུ་བཞུགས་པའི་དཔལ་གསང་བ་འདུས་པའི་གསེར་སྐུ་ཁྲུ་གང་བ་ཞིག་བཞུགས་སུ་གསོལ་ཞིང། སྐུ་འདི་ཉིད་གྲྭ་ཚང་ཆོས་ཐོག་གང་ཕེབས་སུ་གདན་ཞུས་ཀྱིས་འདུ་ཁང་སྦུག་ཏུ་བཞུགས་སུ་གསོལ་བ་དང་། ཆོས་ཐོག་མ་འཁེལ་པའི་སྐབས་མཁན་རིན་པོ་ཆེའི་གཟིམ་ཤག་ཏུ་བཞུགས་ཤིང་། གསང་བ་འདུས་པའི་གསེར་སྐུ་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་ཞིག་བཞུགས་ཡོད་པ་དེ་ཡིན། དབུ་ཐོད་ནི་ལྷ་རྩེ་དགོན་གསར་དུ་བཞུགས་སོ། ། |
{{#arraymap:རྒྱུད་ཆེན་ཀུན་དགའ་དོན་གྲུབ་
|; |@@@ | | }}