77869

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུན་ཞུགས་ཞུགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་སྦྱོར་བ་རྒྱུན་ཆགས་ལ་གནས་པས་རབ་ཏུ་ཕྱེ་བའི་གང་ཟག་ཏུ་དམིགས་པའོ། དེ་ལ་དབྱེ་ན། དབང་པོའི་སྒོ་ནས་དབྱེ་ན་དབང་རྟུལ་དད་པའི་རྗེས་འབྲང་དང༌། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་དང༌། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཞུགས་པ་གཉིས་ཡོད།
Domain ཆོས་ལུགས།
རྒྱུན་ཞུགས་ཞུགས་པ་ (2)
Part of speech མིང་ཚིག
Definition ཞུགས་པ་བཞི་པོ་གང་རུང་ཡང་ཡིན། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་ཏུ་བརྩོན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་འཕགས་པར་དམིགས་པ། རྒྱུན་ཞུགས་ཞུགས་པའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དབང་རྟུལ་དད་པའི་རྗེས་འབྲང་དང། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས། ཆགས་བྲལ་བྱས་ཚུལ་གྱི་སྒོ་ནས་དབྱེ་ན། འདོད་པ་ལ་འདུན་པའི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་པ་ནས་འདོད་པ་ལ་འདུན་པའི་ཉོན་མོངས་དང་པོ་སྤངས་པ། དེ་བཞིན་དུ་གཉིས་པ། གསུམ་པ། བཞི་པ། ལྔ་པ་སྤངས་པ་རྣམས་སུ་ཡོད་དོ། ས་མཚམས་ནི། ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་ཁོ་ནའི་གནས་སྐབས་ཉིད་ལ་གནས་པར་འཇོག་སྟེ། ཉན་ཐོས་མཐོང་ལམ་བཟོད་པ་བརྒྱད་ཅིག་ཅར་དུ་སྐྱེ་ཞིང་། ཉན་ཐོས་ཀྱི་མཐོང་ལམ་ཤེས་པ་བརྒྱད་ཀྱང་ཅིག་ཅར་དུ་སྐྱེ་བའི་ཕྱིར།
རྒྱུན་ཞུགས་ཞུགས་པ་ (3)
Part of speech མིང་ཚིག
Definition རང་གི་འབྲས་བུར་གྱུར་པའི་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གཙོ་བོར་བརྩོན་པའི་ལམ་ལ་རྒྱུན་དུ་ཞུགས་པའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དེས་ན་གཙོ་བོར་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་འཕགས་པའི་གང་ཟག་རྒྱུན་ཞུགས་ཞུགས་པའི་འཇོག་བྱེད། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། རྒྱུན་ཞུགས་ཞུགས་པ་དད་པའི་རྗེས་འབྲང་དང། ཆོས་ཀྱི་རྗེས་འབྲང་གཉིས། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཞུགས་པ་དང་སྤང་བྱ་ཅིག་ཆར་པའི་རྒྱུན་ཞུགས་ཞུགས་པ་གཉིས། ས་མཚམས་ནི་ཐེག་དམན་གྱི་མཐོང་ལམ་བར་ཆད་མེད་ལམ་ནས་རྒྱུན་ཞུགས་ཀྱི་འབྲས་བུས་བསྡུས་པའི་རྣམ་གྲོལ་ལམ་མ་ཐོབ་ཚུན་ཆད་ན་ཡོད་དོ། །