77883

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུན་ཞུགས་སྲིད་པ་ལན་བདུན་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འཕགས་ལམ་ཐོབ་ནས་ཀྱང་ལས་ཉོན་གྱི་དབང་གིས་སྐྱེ་སྲིད་བདུན་ལེན་པར་ངེས་པའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རྒྱུན་ཞུགས་ཀྱི་འབྲས་བུ་གསར་དུ་ཐོབ་པའི་རྒྱུན་ཞུགས་གང་ཞིག ། འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པའི་རིགས་ཅན་དེ་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བའི་འཇོག་བྱེད། དེ་ལ་དབྱེ་ན། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་དང་། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་གཉིས། འདོད་ཉོན་དང་པོ་མ་སྤངས་པའི་རྒྱུན་ཞུགས་ཀྱི་འབྲས་བུ་གསར་དུ་ཐོབ་པའི་རྒྱུན་ཞུགས་གང་ཞིག འདོད་པར་སྐྱེ་སྲིད་བཅུ་བཞི་དང་བར་སྲིད་བཅུ་བཞི་ལེན་པར་ངེས་པ་དེ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བའི་འཇོག་བྱེད། དེ་ལ་དབྱེ་ན། ལྷའི་རྟེན་ཅན་གྱི་དེ་དང་མིའི་རྟེན་ཅན་གྱི་དེ་གཉིས། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་གང་ཞིག ། འདོད་ལྷའི་རྟེན་ལ་མྱ་ངན་འདས་མངོན་དུ་བྱེད་པ་དེ་དང་པོའི་འཇོག་བྱེད། དེ་ལ་དབྱེ་ན། འདོད་ལྷ་རིགས་དྲུག་གི་རྟེན་ཅན་གྱི་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་དྲུག་ཡོད་དོ། །དེ་ལྟར་མཛོད་འགྲེལ་ལས། གང་ཞིག་ལྷ་དག་གི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་ཞེས་གསུངས། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་གང་ཞིག མིའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དེ་གཉིས་པའི་འཇོག་བྱེད། དབྱེ་ན། གླིང་གསུམ་གྱི་མིའི་རྟེན་ཅན་གྱི་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་གསུམ་ཡོད་དོ། །དེ་ལྟར་ཡང་མཛོད་འགྲེལ་ལས། གང་ཞིག་མི་དག་གི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་ཞེས་གསུངས། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་གང་ཞིག ། འདོད་པར་སྐྱེ་སྲིད་བཅུ་བཞི་དང་བར་སྲིད་བཅུ་བཞི་ལེན་པར་མ་ངེས་པ་དེ་མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་པའི་འཇོག་བྱེད། དེ་ལ་དབྱེ་ན། གོང་ལྟར་གཉིས་བྱེ་བྲག་ཏུ་སྨྲ་བ་རྣམས་ལྷའི་རྟེན་ཅན་གྱི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་དེས་ལྷར་སྐྱེ་སྲིད་བདུན་དང་བར་སྲིད་བདུན་མིར་སྐྱེ་སྲིད་བདུན་དང་བར་སྲིད་བདུན་ཏེ་འདོད་པར་སྲིད་པ་ལན་ཉི་ཤུ་རྩ་བརྒྱད་ལེན་པར་བྱེད་ལ། དེ་བཞིན་དུ་མིའི་རྟེན་ཅན་གྱི་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་དེས་ཀྱང་མིར་སྐྱེ་སྲིད་བདུན་དང་བར་སྲིད་བདུན་སོགས་སྔ་མ་བཞིན་དུ་ལེན་པར་བྱེད་དོ། །མདོ་སྡེ་པ་ནི། འདོད་པའི་ལྷ་མི་སྡོམས་པའི་ནང་དུ་སྐྱེ་སྲིད་བདུན་ཁོ་ན་ལེན་པར་བཞེད་དོ། །ཐོགས་མེད་སྐུ་མཆེད་ནི། བྱེ་བྲག་སྨྲ་བ་དང་མཐུན་པར་མཛད་དོ། །ཞེས་གསུངས་སོ། །
Domain ཆོས་ལུགས།