78057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔུ་པ་ཆོས་ཀྱི་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཀཿཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་དགུ་པ་སྟེ། ཀཿཐོག་ཏུ་ཕེབས་ནས་བྲའོ་ཆོས་ཀྱི་འབུམ་པ་དང་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་ཞབས་ལ་གཏུག ཀཿཐོག་སྔ་རབས་ཀྱི་བཀའ་གཏེར་རྣམས་རྫོགས་པར་གསན། རྫོགས་པ་ཆེན་པོའི་ཉམས་ལེན་མཐར་ཕྱིན། འགྲོ་མགོན་ཤིང་འགོ་རས་པའི་མདུན་ཕེབས་ནས་ཕྱག་རྒྱ་ཆེན་པོའི་སྙན་བརྒྱུད་ཀྱི་གདམས་པ་ཡོངས་རྫོགས་གསན། སླར་རྔུ་པའི་མདུན་ཀཿཐོག་པ་ཡེ་ཤེས་རྒྱལ་མཚན་གྱིས་ཕྱག་ཆེན་ཁྲིད་ཡོངས་རྫོགས་གསན་ནས་མན་ངག་ཡིག་ཡི་གེར་བཀོད་པ་དེ་ཡང་འདིའི་སྙན་བརྒྱུད་ལས་བྱུང་བ་ཡིན། སྐུ་ཚེའི་སྨད་ལ་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་ཁོ་ན་ལ་བཞུགས། གནས་ཆེན་བློ་བརྡུང་དུ་ཕེབས་ནས་ཚེ་དང་སྒྲུབ་པ་མཐར་ཕྱིན། ཟུང་འཇུག་གི་སྐུ་དངོས་སུ་གྲུབ་ནས་སྐལ་ལྡན་རྣམས་ལ་ཕྱིས་ཀྱང་མཇལ་རྒྱུ་ཡོད་པར་གྲགས། སྔར་ཀཿཐོག་ཏུ་བཞུགས་སྐབས་འོད་གསལ་ལྷ་ལས་བབས་པའི་མགར་གནམ་ཚ་འབྲུག་གི་གདུང་རབས་སོ་བཞི་པ་རྔུ་ཆོས་ཀྱི་རྡོ་རྗེ་དང་རུས་གཅིག་པ་བདེ་ཆེན་བསོད་ནམས་བཟང་པོ་མ་ཡུམ་གཤེགས་པའི་དགོངས་རྫོགས་སུ་ཀཿཐོག་ཏུ་གསོལ་བས་ཀཿཐོག་བླ་མ་བདེ་ཆེན་བསོད་ནམས་བཟང་པོ་ཞེས་མིང་དུ་ཆགས། རྔུ་པས་ཁྱེད་འདི་ནས་ཡར་དངུལ་མདར་ཕེབས་ཏེ་བཞུགས་ན་རྟེན་འབྲེལ་བཟང་པོ་ཡོད་ཅེས་གསུངས་པས་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་གསུངས་པའི་ལུང་བསྟན་དང་གཅིག་ཏུ་བབས། ལྕགས་ར་བ་བསམ་འགྲུབ་རྩེར་ཕེབས་གླིང་དཔོན་བདག་དྲུང་གི་ནང་བློན་མཛད། སྲས་བོ་པོ་ཐར་བཀྲ་ཤིས་སེངྒེས་གླིང་དགྲ་ལྷའི་གདུང་བརྒྱུད་དང་གཉེན་བསྒྲིགས་མཛད། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མཆོད་གནས་སུ་བཀུར། དངུལ་མདའི་སྲིབ་དགོན་བཏབ། རིམ་བཞིན་སྡེ་དགེ་ལྷུན་གྲུབ་སྟེང་ཞེས་པའི་མཚན་སྙན་སྲིད་པ་གསུམ་དུ་ཁྱབ་སྟེ་ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཞེས་སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམས་ལ་འགྲན་བཟོད་པའི་རྒྱལ་བསྟན་ཡོངས་ཀྱི་སྦྱིན་བདག་ཆེན་པོ་འདི་བྱུང་བ་ཡིན་ནོ། །