78122

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་ལོ་བློ་ལྡན་ཤེས་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ས་ཕག་ཕྱི་ལོ་ ༡༠༥༦ ཡབ་རྔོག་ཆོས་སྐྱབས་དང་། ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་བདུན་པར་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ལས་ཐོས་བསམ་གནང་། བཅོ་བརྒྱད་པར་ཁུ་བོས་མཐུན་རྐྱེན་འོག་བཙན་ཁ་བོ་ཆེ་དང་། ཁྱུང་པོ་ཆོས་བརྩོན། རྭ་ལོ་རྡོ་རྗེ་གྲགས། གཉན་ལོ་དར་མ་གྲགས་བཅས་དང་ལྷན་རྒྱ་གར་དུ་སློབ་གཉེར་ལ་ཕེབས། པཎྜི་ཏ་སན་ཛ་དང་། འབུམ་ཕྲག་གསུམ་པ། པ་ར་ཧེ་ཏ། མ་ཧཱ་ཛྙ་ན། སུ་མ་ཏི་ཀིརྟི། སྐལ་ལྡན་རྒྱལ་པོ་སོགས་བཤེས་གཉེན་རྣམས་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། སོ་ལྔ་པ་རབ་བྱུང་དང་པོའི་ཆུ་སྤྲེལ་ཕྱི་ལོ་ ༡༠༩༢ ལོར་བོད་དུ་ཕྱིར་ཕེབས། ཚད་མ་དང་། ཕར་ཕྱིན་སོགས་གཞུང་མང་པོ་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར། ལྷ་ས་དང་། བསམ་ཡས། མྱུ་གུ་སྣ། གཉལ་སྒང་ཐོག གཙང་རྒྱང་མཁར་སོགས་སུ་འཆད་ཉན་མཛད་སྐབས་མི་ཁྲི་ལྷག་འདུས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་ཡང་ཉིས་སྟོང་བརྒྱད་བརྒྱ་ཙམ་ཡོད། གསང་ཕུ་ནེའུ་ཐོག་གི་གདན་ས་བསྐྱངས། ཚད་མ་དང་། བྱམས་ཆོས། དབུ་མ། ཇོ་བོའི་ལམ་རིམ་བཅས་ཁྲིད་ནས་འཆད་ཉན་གྱི་མཛད་སྒོ་དར་བར་མཛད། ལམ་གྱི་རིམ་པའི་བསྟན་བཅོས་ཀྱང་བརྩམས། ང་གཅིག་པ་རབ་བྱུང་གཉིས་པའི་ས་གླང་ཕྱི་ལོ་ ༡༡༠༩ ལོར་སྐུ་གཤེགས། གསང་ཕུ་ནེའུ་ཐོག་དགོན་པའི་གདན་རབས་གཉིས་པ་ཡིན། སློབ་མ་གྲགས་ཆེ་བ་ནི་ཞང་ཚེ་སྤོང་ཆོས་ཀྱི་བླ་མ་དང་། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར། གངས་པ་ཤེའུ། གོང་བུ་ར་ཅན། ཤམ་པོ་མེ་དིག མེ་ལྷང་ཚེར། དམར་སྒས་ལང་། རྔོག་སྐྱ་བོ། ཏྲེ་བོ་མཆོག་གི་བླ་མ་བཅས་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་འཕགས་བོད་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས། དོན་ཡོད་ཞགས་པའི་རྟོགས་པའི་རྒྱལ་པོའི་ཆོ་ག བསྟན་འགྱུར་ལས་ཤེས་རབ་ཀྱི་ཕར་རོལ་ཏུ་ཕྱིན་པའི་བསྟོད་པ། དཔལ་མངོན་པར་རྟོགས་པའི་དཀའ་འགྲེལ། དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་གཏོར་མའི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་ལག་མཆོད་ཀྱི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས། དེ་ཁོ་ན་ཉིད་ཀྱི་སྙིང་པོ། དཔལ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ། དོན་ཐམས་ཅད་གྲུབ་པའི་སྒྲུབ་ཐབས། ཡེ་ཤེས་འཕོ་བ། རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་ཆུང་བ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག བསྡུས་པའི་རིམ་པའི་དཀའ་འགྲེལ། ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་བཤད་པ་སྙིང་པོའི་སྙེ་མ། མཎྜལ་གྱི་ཆོ་ག དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བའི་བསྡུས་དོན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཚད་མ་བརྟག་པ་ཆེ་བ། ཚད་མ་བརྟག་པ་ཆུང་བ་བཅས་མང་དུ་བཞུགས།