78129

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔོག་སྟོན་ཆོས་སྐུ་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་མེ་བྱི་ཕྱི་ལོ་ ༡༠༣༦ ལོར་གཞུང་རི་བོར་ཡབ་རྔོག་བན་ཆེན་ཁ་པ་དང་། ཡུམ་འོད་ལྡན་མ་གཉིས་ཀྱི་སྲས་སུ་འཁྲུངས། གཞུང་སེ་ལུང་གི་དགེ་བཤེས་དགྱེར་ཆུང་པ་ལས་རྙིང་མའི་ཆོས་སྐོར་རྣམས་ཞུས། མར་པ་ཆོས་ཀྱི་བློ་གྲོས་ལས་དབང་དང་གདམས་པ་འགའ་རེ་གསན། བླ་མ་གཞུང་རི་བོར་གདན་དྲངས་ཏེ་འབྲི་གནག་བརྒྱ་དང་། སྦྲ་གུར། ཆོས་པོ་ཏི་སུམ་ཅུ། ལུག་ཚེར་མོ་བརྒྱ་བཅས་ཕུལ། བླ་མས་དགྱེས་རྡོར་དང་། བཤད་པའི་རྒྱུད་གུར། དཔལ་གདན་པ་བཞི་པ། མ་ཧཱ་མཱ་ཡ་བཅས་ཀྱི་དབང་ལུང་ཁྲིད་གསུམ་རྒྱས་པར་གནང་། ཁམས་པ་ཤེས་རབ་རྡོ་རྗེ་ལས་མཚན་བརྗོད་གསན། དགྱེས་རྡོར་ལྷ་དགུ་དང་། བདག་མེད་མ་ལྷ་མོ་བཅོ་ལྔ། གདན་བཞི་ལྷ་མང་། ཡེ་ཤེས་དབང་ཕྱུག་མ། མ་ཧཱ་མཱ་ཡ་ལྷ་ལྔ། གུར་རིགས་བསྡུས་ཏེ་རྗེ་མར་པ་ལས་བྱུང་བ་དྲུག སྨྲྀ་ཏི་ལུགས་ཀྱི་འཇམ་དཔལ་གསང་ལྡན་ཏེ་བདུན་ལ་རྔོག་དཀྱིལ་བདུན་དུ་གྲགས། རི་བོ་ཁྱུང་ལྡིང་ལྷ་ཁང་བཞེངས། རབ་བྱུང་གཉིས་པའི་ཆུ་རྟ་ཕྱི་ལོ་ ༡༡༠༢ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རམ་ཙན་ཅན་དང་། པ་ཝ་བ་ཅན། རྔོག་མུན་པ་ཅན། སུམ་པ་ཕོད་ཀ་ཅན་ཏེ་ཅན་བཞི་སོགས་མང་དུ་བྱོན། རྗེ་བཙུན་མར་པའི་ཀ་ཆེན་བཞི་ལས་ལྷོའི་ཀ་བ་ཡིན།