78195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་བཙུན་བླ་མ་ཀུན་དགའ་བཟང་པོ་ (1)
Part of speech མིང་ཚིག
Definition ངོར་ཨེ་ཝཾ་དགོན་དསར་དུ་འདེབས་པའི་ས་སྐྱའི་བླ་མ་ཀུན་དགའ་བཟང་པོ་ནི། རབ་བྱུང་དྲུག་པའི་ཆུ་ཁྱི་ཕྱི་ལོ་༡༣༨༢ལོར་ཡབ་དཔོན་ཚང་གྲུབ་པ་ཡོན་ཏན་དང་ཡུམ་བསོད་ནམས་དཔལ་ལྡན་ཞེས་པ་གཉིས་ཀྱི་སྲས་སུ་དཔལ་ས་སྐྱར་སྐུ་འཁྲུངས། དགུང་ལོ་དྲུག་པར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་སྦྱོང་བར་མཛད། དགུང་ལོ་དགུ་པར་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བླངས། དེ་ནས་རིམ་བཞིན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ནས་དགེ་སློང་དང་བྱང་སེམས། གསང་སྔགས་ཀྱི་སྡོམ་པ་ཡང་དག་པར་བླངས། མདོ་སྔགས་མ་ལུས་པ་ཐུགས་ལ་བཏགས། ཁྱད་པར་དཔལ་ལྡན་ས་སྐྱ་བའི་ལུགས་ཀྱི་དཀྱིལ་མཆོག་དང་། སྒྲུབ་ཐབས་རྣམས་ལེགས་པར་གསན་ཏེ་མཁས་པའི་གྲས་སུ་ཚུད་ཅིང་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོར་གྱུར། དགུང་ལོ་ཉེར་ལྔ་པར་རྗེ་ཡེ་ཤེས་རྒྱལ་མཚན་སྐུ་གཤེགས་པས་ཤངས་ཆོས་འཁོར་སྒང་དང་ཞེ་དགོན་དུ་ཕེབས་ནས་ལོ་ཙཱ་བ་སྐྱབས་མཆོག་དང་བུངྷཱུ་ཤྲཱིའི་མདུན་དུ་ཆོས་གསན། དེ་རྗེས་ས་བཟང་དགོན་པར་བྱོན་ནས་ས་བཟང་བླ་མ་གཞོན་ནུ་བློ་གྲོས་བླ་མར་བསྟེན་ནས་དམ་ཆོས་ཡུན་རིང་གསན། དགུང་ལོ་ཉེར་དགུ་པ་རབ་བྱུང་བདུན་པའི་ལྕགས་སྟག་ཕྱི་ལོ་༡༤༡༠་ལོར་ས་བཟང་དགོན་པའི་བདག་པོ་བགྱིས་ཏེ་དགུང་ལོ་ཞེ་དགུ་བར་གདན་སར་བཞུགས། བཤད་ཁྲིད་དང་། དབང་ལུང་། སྡོམ་པ་འབོགས་པ་སོགས་ཆོས་སྦྱིན་རྒྱ་ཆེར་མཛད། དགུང་ལོ་ཞེ་དགུ་པ་ལྕགས་ཁྱི་ཕྱི་ལོ་༡༤༣༠་ལོར་ན་བཟའ་ཕུག་རི་ཁྲོད་དང་། བསམ་གླིང་རི་ཁྲོད་དུ་ཕེབས་ནས་འཆད་ཉན་མཛད། ཨེ་ཝཾ་རི་ཁྲོད་དུ་གཙུག་ལག་ཁང་གསར་དུ་བཞེངས་པ་དང་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས་པ། བཤད་གྲྭ་བཙུགས་པ་སོགས་བྱས་ནས་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་ཆེན་པོ་གསར་དུ་སྤེལ། སྐལ་ལྡན་གྱི་སློབ་མ་ས་སྐྱའི་གདུང་རྒྱུད་བཞི་ཐོག་པ་ཀུན་དགའ་དབང་ཕྱུག བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག ངོར་མཁན་པོ་དཀོན་མཆོག་རྒྱལ་མཚན། གཞོན་ནུ་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་ཆེན་པོ་དུ་མ་བསྐྱངས། དགུང་ལོ་དོན་ལྔ་པ་རབ་བྱུང་བརྒྱད་པའི་མེ་བྱི་ཕྱི་ལོ་༡༤༥༦ལོར་ཨེ་ཝཾ་དགོན་དུ་སྐུ་གཤེགས་སོ། །རྗེ་འདིའི་གསུང་ཆོས་སྒྲུབ་ཐབས་ཀྱི་སྐོར་དང་། ཐོབ་ཡིག ཆོ་ག རྣམ་ཐར། སྤྲིང་ཡིག་སོགས་ཨེ་ཝཾ་བཀའ་འབུམ་དུ་གྲགས་པ་པོད་བཞིར་བསྡུས་ཡོད།

{{#arraymap:རྗེ་བཙུན་བླ་མ་ཀུན་དགའ་བཟང་པོ་

|; |@@@ | | }}