78196

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་རྗེ་སྐལ་ལྡན་རྒྱ་མཚོའི་ཡུམ་མི་གཅིག་པའི་གཅེན་པོ་ཡིན། རབ་བྱུང་བཅུ་པའི་ལྕགས་སྦྲུལ་ཕྱི་ལོ་༡༥༨༡་ལོར་འཁྲུངས། དགུང་ལོ་བཅུ་བཞི་པ་ཤིང་རྟ་ཕྱི་ལོ་༡༥༩༤་ལོར་ཆོས་རྗེ་རི་པོ་ཆེ་བསམ་འགྲུབ་ལས་རབ་ཏུ་བྱུང་། ཉི་ཤུ་པ་ལྕགས་བྱི་ཕྱི་ལོ་༡༦༠༠་ལོར་ཅོ་ནེ་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལས་བསྙེན་པར་རྫོགས། ཉེར་གསུམ་པ་ཆུ་ཡོས་ཕྱི་ལོ་༡༦༠༣་ལོར་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཞབས་ཞུ་ཞུས་ནས་དབུས་སུ་ཕེབས། ཉེར་བཞི་པ་ཤིང་འབྲུག་ལོར་རྭ་སྟོད་ཆོས་གྲྭ་འགྲིམས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལ་ཆོས་མང་པོ་ཞུས། ལོ་དེའི་དབྱར་ཁར་རྒྱུད་གྲྭར་ཞུགས། སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ལས་རིམ་ལྔའི་དམར་ཁྲིད་སོགས་སྔ་ཕྱི་ཆོས་མང་དུ་གསན། གཞན་ཡང་པཎ་ཆེན་ཐམས་ཅད་མཁྱེན་པ། སྐྱིལ་བུ་ཆོས་རྗེ་ངག་དབང་ཆོས་གྲགས། ཁྲི་དགེ་འདུན་རྒྱལ་མཚན། གྲུབ་ཆེན་བརྩོན་འགྲུས་སྙིང་པོ། ལམ་པ་རབ་འབྱམས་པ་བསོད་ནམས་གྲགས་པ་སོགས་ཀྱི་ཞབས་པད་བསྟེན་ཏེ་དབང་ལུང་མན་ངག་བཅས་འདོད་རྒུར་གསན། ཉེར་བརྒྱད་པ་ས་སྤྲེལ་ཕྱི་ལོ་༡༦༠༨ ལོར་རང་ཡུལ་མདོ་སྨད་དུ་ཕེབས་ཏེ་རོང་པོ་དགོན་པ་ལུགས་ཀྱིས་བསྐྱངས། སོ་ལྔ་པ་ཤིང་ཡོས་ནས་སྒྲུབ་པ་རྩེ་གཅིག་ཏུ་གཞོལ། སོ་བདུན་པ་མེ་སྤྲེལ་ཕྱི་ལོ་༡༦༡༧ལོར་སླར་དབུས་སུ་ཕེབས། བླ་མ་སྔ་མ་རྣམས་དང་། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། དེ་མོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན། རྟ་ཚག་ངག་དབང་ཆོས་ཀྱི་དབང་ཕྱུག་སོགས་ལས་ཆོས་བཀའ་རྒྱ་ཆེར་གསན། ས་རྟ་ལོར་རང་ཡུལ་དུ་ཕེབས། ཤིང་སྤྲེལ་ནས་རོང་པོ་དགོན་དུ་འདུ་ཁང་གསེར་ཕེབས་མཛད། གདུལ་བྱ་རྣམས་ཆོས་དང་ཟང་ཟིང་གིས་བསྐྱངས། དགུང་ལོ་དོན་དགུ་པ་རབ་བྱུང་བཅུ་གཅིག་པའི་ས་ཕག་ཕྱི་ལོ་༡༦༥༩ལོར་སྐུ་གཤེགས།