78252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་དགུ་པ་ཤཱཀྱ་རིན་ཆེན་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཤར་ལུང་རུད་པ་སེམས་སྐྱོང་དུ། རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་ ༡༧༡༠ ལོར་འཁྲུངས། སྐུ་ཆུང་ངུ་ནས་བག་ཆགས་སད་དེ། ཆོས་ཚུལ་གྱི་ལད་མོ་ཁོ་ནར་མཛད། དགུང་ལོ་བཅུ་གསུམ་པར་སེ་ལ་རྡོ་རྗེ་གདན་གྱི་ཆོས་གྲྭར་བྱོན། བྱམས་མགོན་བླ་མ་ངག་དབང་རྒྱལ་མཚན་ལས་གཞུང་ཆེན་ལ་ཐོས་བསམ་དང༌། ཐུན་མིན་རང་ལུགས་སྨིན་གྲོལ་གདམས་པ་ཆ་ལག་བཅས་པ་གསན་སྒོམ་སྤེལ་མར་མཛད། དེར་རབ་ཏུ་བྱུང༌། མཁན་ངག་དབང་ཕྲིན་ལས་ཀྱི་དྲུང་དུ་བསྙེན་པར་རྫོགས། ཞར་ལས་སྨིན་གྲོལ་ཆོས་ཚུལ་མང་དུ་གསན། གྲྭ་པ་དཀྱུས་མའི་ཚུལ་བཟུང་ནས་གོང་ས་ཁྲི་སྤྲུལ་མི་ཕམ་དབང་པོ་དང༌། བཤེས་གཉེན་བསྟན་པ་རྒྱལ་མཚན་སོགས་བསྟེན་ནས་ཐོས་བསམ་མཐར་ཕྱིན་པ་མཛད། སྐབས་ཤིག་ལ་རས་ཆུང་པ་ནས་གཙང་མཁན་དཔལ་ལྡན་རྒྱ་མཚོའི་བར་གྱི་སྐྱེས་རབས་རྣམས་རྗེས་སུ་དྲན་པས་བསྐུལ་ཏེ། གསང་ཐབས་ཀྱིས་བོད་དུ་བྱོན་སྐབས། ནང་ཟིང་གི་རྐྱེན་ལས་དཔོན་སློབ་རྣམས་ཀྱང་ལ་གཅན་པས་བཟུང་ནས་ཤིན་ཏུ་འོ་བརྒྱལ་བ་བྱུང༌། དེ་ནས་དགུང་གྲངས་སུམ་ཅུར་རྟ་མགོའི་ཁྲི་ཚབ་མཛད་དེ། སྐུ་མཚམས་འདག་སྦྱར་དུ་བཞུགས། གྲུབ་དབང་ཀུན་དགའ་མི་འགྱུར་རྡོ་རྗེ་ལྗོངས་འདིར་ཕེབས་སྐབས་མཇལ་ཕྲད་མཛད་དེ། ལྷན་ཅིག་བོད་ལ་གནས་གཟིགས་སུ་བྱོན། སླར་རྟ་མགོའི་གདན་སར་འཁོར། སོ་ལྔ་ལ་མཁན་ཁྲིར་བྱོན། ལོ་ངོ་བཅུ་གཅིག་གི་བར་དུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བས་བསྟན་པ་འཛིན་ནུས་ཀྱི་སློབ་མ་བཟང་ལ་མང་བ་ཐོན། ཐུབ་བསྟན་བྱ་རྒོད་ཕུང་པོར་འོག་མིན་རྣམ་པར་རྒྱལ་བའི་ཁང་བཟང༌། དཔལ་ནཱ་ལེནྡའི་མཆོད་སྡོང་ཆེན་པོ། དཔལ་རི་རྡོ་རྗེ་གདན་གྱི་གཙུག་ལག་ཁང་བཅས་བཏབ། མདོར་ན་ལུང་རྟོགས་ཀྱི་བསྟན་པ་འཁོར་ལོ་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ་ཏེ། ལྗོངས་འདིར་བཀའ་དྲིན་འགྲན་ཟླ་དང་བྲལ་བར་གྱུར། མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་ཕེབས་པས། ཐུབ་དབང་ཤཱཀྱ་རིན་ཆེན་ཞེས་མཁས་རབས་རིམ་བྱོན་ནང་ནས་སྙན་པ་ཤིན་ཏུ་ཆེ། གསུང་འབུམ་ཡང་ད་ལྟར་པོད་བརྒྱད་བཞུགས། དགུང་གྲངས་ལྔ་བཅུ་པ་ས་ཡོས་ ༡༧༥༩ ལོར་དགའ་ལྡན་དུ་གཤེགས་སོ། །སློབ་མའང༌། རྒྱལ་སྲས་གསུམ་པ་འབྲུག་སྒྲ་རྣམ་རྒྱལ། ཐུགས་སྤྲུལ་དང་པོ་འཇིགས་མེད་གྲགས་པ། གསུང་སྤྲུལ་གཉིས་པ་ཤཱཀྱ་བསྟན་འཛིན། ཁྲི་སྤྲུལ་གཉིས་པ་འཇིགས་མེད་སེང་གེ་སྟེ། མཆོག་སྤྲུལ་བཞི་དང༌། འཇམ་དབྱངས་ཀུན་དགའ་རྒྱ་མཚོ། གསང་བདག་ཡོན་ཏན་མཐའ་ཡས། རྒྱལ་སྲས་བསྟན་འཛིན་རྣམ་རྒྱལ། མཉམ་མེད་ཤེས་རབ་སེང་གེ་སྟེ། བརྒྱུད་འཛིན་བུ་ཆེན་བཞི། གཞན་ཡང་འགྲོ་དོན་གདུལ་བྱ་ཤར་ཕྱོགས་སུ་བབ་སྟེ། བཀྲ་ཤིས་ཡང་རྩེའི་བླ་མར་བྱོན་པ་བྱང་ཆུབ་དཔལ་བཟང་ཞེས་གྲགས་ པའི་མཁས་གྲུབ་དེ་དང༌། དེ་བཞིན་ཤར་ཕྱོགས་མོང་སྒར། ཆ་ལི། ཙ་ཀ་གླིང༌། སྔ་ཚང༌། ཤྲཱི་མུ་ཧུང་རྒབ་འོག་བཅས་ཀྱི་བླ་མར་གྱུར་པ་བཙན་ཕུ་དགོན་གྱི་བླ་རབས་དང་པོ་སངས་རྒྱས་བཟང་པོ་དང༌། སངས་རྒྱས་རིན་ཆེན་སོགས་སློབ་ཚོགས་ཤིན་ཏུ་མང་པོ་བྱུང་ངོ༌། །

{{#arraymap:རྗེ་མཁན་ཁྲི་དགུ་པ་ཤཱཀྱ་རིན་ཆེན་

|; |@@@ | | }}