78253

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་དང་པོ་པད་དཀར་འབྱུང་གནས་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཞབས་དྲུང་གི་བརྒྱུད་འཛིན་སློབ་མ་བཞིའི་ཡ་གྱལ། རྗེ་མཁན་རབས་དང་པོ་པད་དཀར་འབྱུང་གནས་མཆོག་ནི། ཐིམ་གཞུང་ཅང་སྟོད་སྒང་ཁར་ཕ་ཇོའི་སྲས་ཉི་མའི་གདུང་རབས་སུ། རབ་བྱུང་བཅུ་པའི་ཤིང་འབྲུག་ ༡༦༠༤ ལོར་འཁྲུངས། གཞོན་ནུའི་དུས་ནས་ར་ལུང་དུ་སྐྱབས་མགོན་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཞབས་ལ་གཏུགས་ཏེ། ཆོས་སྒོར་ཞུགས། ཡོངས་འཛིན་ལྷ་དབང་བློ་གྲོས་ལ་སོ་ཐར་བསླབ་ཚིགས་རིམ་པར་མནོས། དགུང་གྲངས་བཅོ་བརྒྱད་ལ་ལྕགས་རིར་དགེ་འདུན་གྱི་སྡེ་ཐོག་མར་འཛུགས་སྐབས་ཆོས་ཁྲིམས་སུ་བསྐོས། སྒྲིགས་ལམ་བཅའ་ཡིག་ཆེན་མོའི་རྒྱ་ལས་མི་འདའ་བར་མཛད། ཕྱིར་འདུལ་འཛིན་སྡེ་སྣོད་འཛིན་པ་ཆེན་པོ་དང༌། ནང་དུ་གཅིག་ཤེས་ཀུན་གྲོལ་གྱི་བདག་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཏུ་བཞུགས། དེ་ནས་གདན་ས་སྤུངས་ཐང་དུ་དགེ་འདུན་གྱི་སྡེ་ཆེན་པོ་ཚུགས་པ་ནས་མཁན་ཁྲིའི་ཐོག་མར་ཕེབས། སྐྱབས་མགོན་ཞི་བར་གཤེགས་ནས་ཀྱང་ལོ་ཉེར་གཅིག་གི་བར་དུ་ཚོགས་པ་བསྐྱངས། བཤད་སྒྲུབ་ཀྱི་བསྟན་པས་ལྷོ་ཡུལ་ཁྱབ་པར་མཛད། སློབ་མ་མཁས་གྲུབ་མང་དུ་ཐོན། དགུང་ལོ་རེ་དགུ་པ་ཆུ་བྱི་ ༡༦༧༢ ལོར་ཆིབས་བརྡབས་ཤོར་བའི་རྐྱེན་གྱིས་གཤེགས་སོ། །