78264
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་སྤ་གྲོ་གཟར་ཆེན་ཆོས་རྗེའི་གདུང་རབས་སུ། རབ་བྱུང་བཅུ་གཅིག་པའི་ས་ཡོས་ ༡༦༣༩ ལོར་འཁྲུངས། དགུང་ལོ་ལྔ་ནས་བཅུ་གསུམ་བར་སྐྱབས་མགོན་ཞབས་དྲུང་རིན་པོ་ཆེ་ལས་རང་ལུགས་ཀྱི་གདམས་པ་ཕལ་ཆེར་གསན། རབ་ཏུ་བྱུང་བར་འདོད་ཀྱང་ཡབ་ཀྱིས་མ་གནང་བར་རེ་ཞིག་ལུས། དགུང་ལོ་བཅུ་བཞི་པར་ཡབ་ལ་ནན་གྱིས་ཞུས་ཏེ། འདུས་སྡེར་ཞུགས། མཁན་ཆེན་པད་དཀར་འབྱུང་གནས་ལ་སོ་ཐར་སྡོམ་པ་མནོས་ཤིང༌། ཚུལ་ཁྲིམས་ཤིན་ཏུ་གཙང༌། མཁན་པོ་དེ་དང༌། ཡོངས་འཛིན་དམ་ཆོས་རྒྱལ་མཚན་སོགས་ལས་མདོ་རྒྱུད་སྤྱི་དང༌། ཁྱད་པར་ཀུན་མཁྱེན་པདྨ་དཀར་པོའི་དགོངས་དོན་ཇི་བཞིན་གསན་བཞེས་མཛད། ལྕགས་རིར་སྒྲུབ་ཆེན་རྡོ་རྗེ་ཆོས་དབང་ལ་ནཱ་རོའི་ཆོས་དྲུག་འཁྲུལ་འཁོར་བཅས་པ་མཐར་ཕྱིན་པ་ཞུས། ལྷོའི་གྲུབ་ཆེན་ངག་དབང་བསམ་གཏན་བསྟེན་ནས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། བལ་ཡུལ་གོར་ཥའི་རྒྱལ་པོ་སྲིད་སྲུང་རིགས་བརྒྱུད་ཉམས་ལ་ཉེ་ནས་རྨི་ལམ་དང་པྲ་སེའི་ལུང་བཞིན། འབྲུག་གཞུང་དུ་བླ་མཆོད་འདྲེན་པའི་ཕོ་ཉ་འབྱོར་བ་ལྟར། སྡེ་སྲིད་ཆོས་རྒྱལ་མི་འགྱུར་བརྟན་པའི་བཀས་བསྐུལ་ཏེ། བལ་ཡུལ་གྱི་མཐིལ་ཡམ་བུའི་རྒྱལ་སར་ཕེབས། ཞབས་རིམ་སྒྲུབ་པའི་མོད་ལ་སྲིད་རྒྱུད་འཕེལ། རྒྱལ་པོ་མཉེས་ནས་བལ་པོ་མགོ་ཟླུམ་སྤྱིའི་བླ་མར་བསྐོས་པར་གྲགས། གླང་བྲང་དགོན་པ་དང༌། ནམ་མཁའ་གླིང་སོགས་ཆོས་གཞི་གསར་བཙུགས། འབྲུག་ནས་གྲུབ་ཆེན་ངག་དབང་བསམ་གཏན་གྱི་དངོས་སློབ་ཆོས་མཛད་རས་ཆུང་པ་མངགས་ཏེ་གདན་འཛིན་དུ་བསྐོས། དེར་འབྲུག་པའི་བསྟན་པ་དར་བ་ལ་གྲུབ་མཐའ་གཞན་འགའ་ཞིག་མ་བཟོད་པར་བལ་རྒྱལ་ལ་ཕྲ་མ་བཅུག་སྟེ། དཔོན་སློབ་རྣམས་ལ་དམག་དྲངས་པ་དང༌། མུ་སྟེགས་པའི་ངན་སྔགས་སོགས་ཅི་ཡང་བྱས་ཀྱང་གླགས་མ་རྙེད་པར་གྲགས། དེ་ནས་སླར་བྱོན་ཏེ། བུམ་ཐང་ཆོས་རྗེ་བྲག་དང༌། སྤ་གྲོ་སྟག་ཚང་དུ་འགྲོ་དོན་མཛད། དགུང་གྲངས་ང་དགུ་ལ་མཁན་ཁྲིར་བྱོན། ལོ་ངོ་བཅུའི་བར་དུ་བསྟན་པ་བསྐྱངས། རྒྱལ་སྲས་ཀུན་དགའ་རྒྱལ་མཚན། མཁས་གྲུབ་བསྟན་འཛིན་དོན་གྲུབ། ཆོས་རྗེ་ངག་དབང་པད་དཀར། སྐུ་མཚམས་ངག་དབང་དར་རྒྱས། རི་ཐང་རྡོར་འཛིན་བཟོད་པ། མཚམས་བྲག་ངག་དབང་འབྲུག་པ་སོགས་སློབ་མ་ཤིན་ཏུ་མང་བས། ལྷོ་ནང་འདིར་འདིའི་སློབ་བརྒྱུད་ཀྱིས་གང་བ་ལྟ་བུ་བྱུང༌། དགུང་ལོ་བདུན་ཅུ་པ་ ༡༧༠༨ ལོར་གཤེགས་སོ། ། |