78315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི། འཁྲུངས་ས་ལྷོ་ལ་ཡག་གི་དོལ་བུ་ཆུང་གི་ཁྲར། ཡབ་ཆུ་ཆལ་མོན་གྲགས། ཡུམ་ཟུག་མོ་དཔལ་རྒྱན་གཉིས་ཀྱི་སྲས་སུ། རབ་བྱུང་གསུམ་པའི་ས་བྱ་ ༡༡༨༩ ལོར་འཁྲུངས། གསུང་སྙན་པས་བྲོ་པའི་ལད་མོ་མཛད་པས། པག་ཤི་དོན་གྲུབ་སེང་གེར་གྲགས། བཅུ་དགུ་ལ་གཙང་ནས་གླུ་མཁན་བཞི་བྱུང་ནས་དེ་རྣམས་ཀྱིས། དགོན་པ་ར་ལུང་གི་ཆོས་རྗེ་ཆོས་རས་ལ་ཞེས་པ་ཐོས་པའི་མོད་ལ། བཅོས་མིན་དད་པས་ཡབ་ལ་ཞུས་ཏེ། ར་ལུང་དུ་བྱོན། ཚོགས་ཆོས་གསུང་བ་དང་མཇལ། རབ་ཏུ་བྱུང་སྟེ། མཚན་མགོན་པོ་རྡོ་རྗེར་བཏགས། ཕྱག་རྒྱ་ཆེན་པོའི་སྒོམ་ཁྱེར་ཐུན་གཅིག་མ་ཞིག་གནང། གདམས་ངག་ཆོས་རྗེ་དབོན་ལ་བཅད་པས། བླ་མ་ཆོས་རྗེ་རས་པ་ཡིན། དྲིན་ཅན་སངས་རྒྱས་དབོན་རས་ཡིན། སྟོད་ཛ་ལནྔྷ་རའི་བར་དུ་བསྐོར། སོ་གཉིིས་ཙམ་ལ་སངས་རྒྱས་དབོན་ཀྱི་དྲུང་དུ། བསྙེན་པར་རྫོགས་ཏེ། ཙ་རི་ལ་བྱོན། དེར་གནས་ནང་གི་སྒོམ་ཆེན་རྣམས་ཀྱི་ཆས་འདྲེན་པའི་ཁུར་ཙ་བ་མཛད། སྐུ་རྒྱབ་ལ་སྒལ་པ་ཐོན་ནས་རྣག་ཁྲག་ཞབས་རྟིང་དུ་ནར་རེ་འཛག་ཅིང་། རྫ་ཁྲོད་ཤར་ནུབ་ཀྱི་བོང་བུ་སེར་པོ་ཟེར་བ་བྱུང་། རྒོད་ཚང་དུ་བཞུགས་ནས་མི་ང། བྱ་ཁྱོད། བྲག་འདི་གསུམ་མིང་གཅིག་ཏུ་མ་བྱུང་བར། མི་སྒྲུབ་རེ་ཞེས་དམ་བཅས་ཏེ་བསྒྲུབས་པས། རྒོད་ཚང་པ་ཞེས་མཚན་ཐོགས། དེར་ཞིག་པོ་བྱང་དཔལ་སླེབས། སྔར་བྲག་ཕུག་དོག་པར་ཡོད་པ་ལ། སྣང་བ་འདི་ཚོ་ཟང་ངེ་དང་ཐལ་ལེ་རང་དུ་འདུག་པ་གསུང་གིན་གཅོད་ཅིང་གཤགས་པས་ཡངས་པོར་སོང་། གྲུབ་ཐོབ་ཀྱི་གྲགས་པ་ཐོན། ཁྲིད་ཆེན་བརྒྱད་དུ་མཛད་དེ། སྐལ་བ་དང་ལྡན་པ་རྣམས་རྗེས་སུ་བཟུང་བ་ཡིན་ནོ། །སྤྱིར་ཆོས་རྗེ་འདི་བཅུ་དགུ་ལ་རབ་ཏུ་བྱུང་། ལོ་ངོ་གསུམ་ལ་ཆོས་རྗེ་གཙང་པ་བསྟེན། ཉེར་གསུམ་ལ་ཆོས་རྗེ་སྐུ་གཤེགས་ནས་ལྷོ་བྲག་མཁར་ཆུར་ལ་ལོ་གསུམ། ཉེར་ལྔ་ལ་ཏི་སེ་དང་ཛ་ལནྡྷ་རར་ལོ་བཞི་འགོར། ཉེར་དགུ་ལ་ཕོ་མ་ལྷ་ཁབ་ཏུ་ལོ་གསུམ་བླ་མ་སྒྲུབ་པ་གནང་། སོ་གཉིས་ལ་ཙ་རིར་ལོ་གསུམ། སོ་དྲུག་ལ་རྒྱལ་གྱི་ཤྲཱིར་བྱོན་ནས་ཁྱུང་དཀར་དང་ཡང་དཀར་ཕུག་ཏུ་ལོ་གསུམ། སོ་བརྒྱད་ནས་རྒོད་ཚང་ཕུག་ཏུ་ལོ་བདུན་ནམ་ངོ་བརྒྱད། ཞེ་ལྔ་ལ་སྟེང་འགྲོར་བྱོན་ནས་ལོ་བཅུ་གསུམ། དྲུག་ཅུ་རྩ་བདུན་གཉའ་ནང་བདེ་ཆེན་སྟེང་དང་དགའ་ལྡན་གཉིས་སུ་ལོ་ཧྲིལ་པོ་དགུ ། སྤྱང་ལུང་སེང་གེ་གླིང་དང་ཧོང་ཐང་གཉིས་སུ་ལོ་གཅིག་སྟེ་རེ་བརྒྱད། བར་འབྲོག་རྡོ་རྗེ་གླིང་དུ་ལོ་གཉིས་བཞུགས་པས་བདུན་ཅུའོ། །དེ་ལྟར་ཐུགས་དམ་དང་དམ་བཅའ་རྣམས་མཐར་ཕྱིན་ཏེ། བར་འབྲོག་རྡོར་གླིང་དུ་བདུན་ཅུ་པ་ས་རྟ་ ༡༢༥༨ ལོའི་དབྱར་ཟླ་འབྲིང་པོའི་ཚེས་གསུམ་ལ་གཤེགས་སོ། །སློབ་མ་ནི། བུ་ཆེན་བརྒྱད། བུ་འདྲ་བརྒྱད། ཉེ་གནས་བརྒྱད། རྟོགས་ལྡན་དྲུག། ཁྱད་འཕགས་ཀྱི་རྟོགས་ལྡན་རྣམ་གཉིས་བཅས་དང་། གཞན་ཡང་མཁའ་འགྲོ་མ་འགྲོ་བ་བཟང་མོ། སྒྲུག་པ་མོ་སྐལ་བཟང་། བྱང་སྐྱོང་སོགས་སློབ་མ་ཤིན་ཏུ་མང་ངོ། །