78318
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དང་པོའི་ས་ལུག་ཕྱི་ལོ་ ༡༠༧༩ ལོར་དབུས་ལྷོའི་གཉལ་ཡུལ་དུ་ཡབ་རྙི་བ་སངས་རྒྱས་རྒྱལ་པོ་དང་། ཡུམ་ཤོ་མོ་ཟ་ཚེ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རུབ་བྱུང་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༡༥༣ ལོར་སྐུ་གཤེགས། བྱིས་དུས་ཀྱ་མཚན་ལ་དར་མ་གྲགས་ཞེས་འབོད། དགུང་ལོ་ལྔ་པར་ཡབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས། བདུན་པར་གསོ་རིག་སྦྱོང་བའི་དབུ་བཙུགས། རྒྱ་གར་གྱི་སྨན་པ་སྐྱེ་མེད་དང་། གཙང་པ་ལྷ་རྗེ་དབུ་གསིལ། བལ་པོའི་སྨན་པ་བི་ཇི་སྨན་གཞོན་བཅས་ལས་སྨན་དཔྱད་ལ་ལོ་ཕྱེད་བརྒྱད་སྦྱངས། རྒྱ་ཁྱི་ཐན་གྱི་སྨན་པ་གཙུག་ཕུད་ཅན་སོགས་སློབ་དཔོན་བཅུ་གསུམ་ལས་ལོ་བཅུ་གསུམ་རིང་གསོ་རིག་མཁས་པར་སྦྱངས། རྙིང་མའི་བླ་མ་འབར་རེ་ལས་རྙིང་མའི་ཆོས་སྐོར་གསན། ཤར་པ་ཡོན་ཏན་གྲགས་ལས་བཀའ་གདམས་ཀྱི་ལམ་རིམ་གསན། བཅུ་དྲུག་པར་མཆིམས་ཇོ་སྲས་དར་མ་འོད་ཀྱི་བུ་མོ་ཁབ་ཏུ་བཞེས། ཉེར་ལྔ་པར་རིག་མ་དང་སྲས་མིང་སྲིང་གཉིས་བཅས་འདས། ཉེར་དྲུག་པར་དགེ་བཤེས་བློ་ལྡན་ཤེས་རབ་ལས་བསྙེན་པར་རྫོགས། མཚན་ལ་དགེ་སློང་བསོད་ནམས་རིན་ཆེན་ཞེས་སྩལ། ཉེར་བརྒྱད་པར་འགོང་སྟོན་དང་ལྷན་དབུ་རུ་བྱང་ཕྱོགས་སུ་ཕེབས། སྙུག་རུམ་པ་བརྩོན་འགྲུས་རྒྱལ་མཚན་ལས་བཀའ་གདམས་པའི་ཆོས་སྐོར་མང་དུ་གསན། སྒོམ་བསྒྲུབས་མཐར་ཕྱིན་པ་མཛད། ཉམས་རྟོགས་ཐུགས་ལ་འཁྲུངས། རྗེ་མི་ལའི་ཐུགས་སྲས་གཙོ་བོར་གྱུར། དྭགས་ལྷ་སྒམ་པོར་དགོན་པ་བཏབ། དྭགས་པོ་བཀའ་བརྒྱུད་གསར་གཏོད་མཛད། བཀའ་བརྒྱུད་ཀྱི་བསྟན་པ་བོད་ཁམས་སུ་དར་རྒྱས་བྱུང་། སོག་པོ་སོགས་རྒྱལ་ཁབ་ཕྱི་ནང་གང་སར་དར། སློབ་མ་གྲགས་ཆེ་བ་ནི་སྒམ་པོ་ཚུལ་ཁྲིམས་སྙིང་པོ་དང་། གསལ་སྟོང་ཤྭོ་སྒ། ཁམས་སྟོན་ཕག་མོ་གྲུ་པ། ཀརྨ་པ་དུས་གསུམ་མཁྱེན་པ། འབའ་རོང་དར་མ་དབང་ཕྱུག ཞང་འགྲོ་བའི་མགོན་པོ་བཅས་ཡིན། གསུང་རྩོམ་ནི་རྣམ་ཐར་དང་། ཚོགས་ཆོས། ཞུས་ལན། མགུར་སྣ་ཚོགས་བཅས་པོ་ཏི་གཉིས་བཞུགས། དྭགས་པོ་བསོད་ནམས་རིན་ཆེན། |