78320

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་སྤྱན་སྔ་བ་གྲགས་པ་འབྱུང་གནས་ (1)
Part of speech མིང་ཚིག
Definition ཁོང་ནི། རབ་བྱུང་གསུམ་པ་ཤིང་ལུག་ཕྱི་ལོ་ ༡༡༧༥ ལོར་ཡབ་རླངས་ཀྱི་གདུང་འཛིན་ཡོན་ཆེན་རྒྱལ་བ་སྐྱབ་དང་། ཡུམ་འགྲོ་ལྡོག་བཟའ་ཁུ་བྱུག་སྨན་གཉིས་ཀྱི་སྲས་སུ་རྟ་རྣའི་གནས་ཀྱི་ཉེ་ཞོལ་གཡུ་ཀུ་སྟེང་གི་ཆུ་ཡར་ཁར་སྐུ་འཁྲུངས། རྗེ་འགྲོ་མགོན་སངས་རྒྱས་ཡེལ་པ་གཙུག་གིས་བསྙེན། ཡེལ་པ་རིན་པོ་ཆེས་ཕག་གྲུའི་གདན་ས་སྐྱོང་བར་དབུས་སུ་བཏང་བས་ཕྲིན་ལས་དར་ཞིང་རྒྱས་པ་བྱུང་། ཆོས་རྗེས་ཕྱག་དབུ་ལ་བཞག་པ་ཙམ་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་འཛིན་འཁྲུངས། ཕག་གྲུའི་གདན་སར་ལོ་ཉེར་དྲུག་བཞུགས། ཤིན་ཏུ་དར་རྒྱས་ཆེ། འབྲི་གུང་གི་གདན་ས་པ་ལོ་ཉེར་གཉིས་མཛད། འབྲི་གུང་གི་སྡེའང་ཆེར་འཕེལ། བན་ཁྲི་ཚོ་བཅོ་བརྒྱད་འཚོགས་ཞེས་གྲགས་པའང་དེ་དུས་བྱུང་། དགུང་ལོ་བརྒྱད་ཅུ་ལྷག་བཞུགས། བུ་སློབ་ཀྱང་རྒྱལ་བ་རིན་པོ་ཆེ། གཅུང་རིན་པོ་ཆེ། རྒྱལ་བ་ཡང་དགོན་པ་སོགས་མང་ངོ་། དབོན་རྒྱུད་དེ་དག་གིས་འབྲི་གདན་གཉིས་ཀ་བསྐྱངས་ཤིང་། ཕྱིས་བོད་བྱིངས་ལ་འདིའི་དབོན་རིགས་ཀྱིས་ལུང་བརྒྱུགས་པ་བྱུང་། ཨང་ལེན་གྱིས་རྒྱ་དམག་བོས་ནས་འབྲི་གུང་གླིང་ལོག་བཏང་ཡང་ཅུང་ཟད་ཙམ་ལས་མ་གནོད་པར་དེང་སང་བར་བོད་ཡུལ་སྟོད་སྨད་ཐམས་ཅད་ལ་དར་རྒྱས་དཔེ་མེད་ཅིང་། འབྲི་གུང་གདན་རབས་ཉེར་གཉིས་པ་དཀོན་མཆོག་རིན་ཆེན་གྱི་སྤྲུལ་སྐུ་དཀོན་མཆོག་ཕྲིན་ལས་བཟང་པོ་ནས་བཟུང་ཆེ་ཚང་སྐུ་ཕྲེང་དང་། གདན་རབས་ཉེར་གསུམ་པ་རིག་འཛིན་ཆོས་གྲགས་ཀྱི་སྤྲུལ་སྐུ་དོན་གྲུབ་ཆོས་རྒྱལ་ནས་ཆུང་ཚང་སྐུ་ཕྲེང་རྣམས་བྱུང། དགུང་གྲངས་གྱ་གཅིག་སྟེང་ནས་འདས།