78393

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེས་དྲན་དྲུག་ (1)
Part of speech མིང་ཚིག
Definition མདོ། སངས་རྒྱས་དང། ཆོས་དང། དགེ་འདུན་དང། ཚུལ་ཁྲིམས་དང། གཏོང་བ་དང། ཡིད་དམ་གྱི་ལྷ་སྟེ་དྲུག་པོ་དེ་དག་གི་ཡོན་ཏན་ཤེས་པའི་སྒོ་ནས་ཡང་དུ་ཡང་དུ་རང་གི་སེམས་རྒྱུད་དང་འདྲེས་པར་བྱེད་པའི་མངོན་རྟོགས་ཤིག་ལ་འཇོག་པ་ཡིན་ནོ། །དེ་ལ་དབྱེ་ན་དྲུག་ཡོད་པ་ནི། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། སངས་རྒྱས་རྗེས་དྲན་གྱིས་ཟིན་པའི་སྒོ་ནས་སྒོམ་པར་བྱ་བ་ཡིན་ཏེ། གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བརྗོད་པར་བྱེད་པ་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་དང་མཐོང་བའི་ལམ་བརྗོད་པར་བྱེད་པ་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་དང་སྒོམ་པའི་ལམ་བརྗོད་པར་བྱེད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་རྒྱུའི་སྒོ་ནས་སངས་རྒྱས་རྗེས་དྲན་རྣམ་པ་གསུམ་པོ་དོན་དམ་པར་དྲན་པ་མེད་ཅིང་ཐ་སྙད་དུ་མཚན་ཉིད་ཇི་ལྟ་བ་བཞིན་དུ་དྲན་པས་ཟིན་པའི་སྒོ་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ཆོས་རྗེས་སུ་དྲན་པས་ཟིན་པའི་སྒོ་ནས་བསྒོམ་པར་བྱ་བ་ཡིན་ཏེ། སྔ་མ་དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དགེ་འདུན་རྗེས་སུ་དྲན་པའི་སྒོ་ནས་བསྒོམ་པར་བྱ་བ་ཡིན་ཏེ། སྔ་མ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ལྷག་མ་གསུམ་དྲན་པའི་སྒོ་ནས་བསྒོམ་པར་བྱ་བའང་ཡིན་ཏེ། སྔ་མ་དེ་བཞིན་དུ་ཉེས་སྤྱོད་ལས་ལྡོག་པར་མཚོན་པ་ཚུལ་ཁྲིམས་དང༌། དགེ་བ་ལ་འཇུག་པར་མཚོན་པ་གཏོང་བ་དང༌། དཔང་པོ་ལྷ་རྗེས་སུ་དྲན་པ་རྣམས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།
རྗེས་དྲན་དྲུག་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྗེས་དྲན་དྲུག་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། རྗེས་དྲན་དྲུག་ཅེས་པ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། སྙིང་རྗེ་རྗེས་སུ་དྲན་པ་དང་། རིགས་རྗེས་སུ་དྲན་པ་དང་། ཁྲོ་བ་རྗེས་སུ་དྲན་པ་དང་དྲུག་གོ །ཞེས་དང་།
རྗེས་དྲན་དྲུག་ (3)
Part of speech མིང་ཚིག
Definition མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། རྗེས་སུ་དྲན་པ་དྲུག་ནི། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། དམ་ཚིག་རྗེས་སུ་དྲན་པ་དང་། ཐུགས་རྗེ་རྗེས་སུ་དྲན་པ་དང་། མཛད་པ་རྗེས་སུ་དྲན་པ་དང་དྲུག་གོ །ཞེས་གསུངས།
རྗེས་དྲན་དྲུག་ (4)
Part of speech མིང་ཚིག
Definition རྫོགས་ཆེན། སྤྱི་ཏི་ཡོ་གའི་ཆོས་འདིའི་གཞུང་གིས། བླ་མ་རྗེས་སུ་དྲན་པ་དང་། གདམས་ངག་རྗེས་སུ་དྲན་པ་དང་། དམ་ཚིག་རྗེས་སུ་དྲན་པ་དང་། སྙིང་པོ་ཆོས་ཉིད་རྗེས་སུ་དྲན་པ་དང་། སྐྱེ་མེད་ཀ་དག་རྗེས་སུ་དྲན་པ་དང་། དངོས་མེད་བློ་འདས་རྗེས་སུ་དྲན་པ་དང་དྲུག་གོ །ཞེས་གསུངས། འདི་དག་ནི་ཁྱད་པར་གྱི་རྗེས་སུ་དྲན་པ་སྟེ། ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན།