79377
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྟོགས་པ་བཞིའི་གཏན་ཚིགས་ནི། རྟོགས་པ་ལམ་གྱི་གཞི་སྒྲུབ་བྱེད་ཀྱི་གཏན་ཚིགས་གསུམ་པ་སྟེ། ཡིད་ཀྱི་མུན་སེལ་ལས། གསུམ་པ་རྟོགས་པ་བཞིའི་གཏན་ཚིགས་ནི། རྟོགས་པ་བཞིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། རྣལ་འབྱོར་པས་དག་མཉམ་རྫོགས་པ་ཆེན་པོར་དབང་འབྱོར་པ་ཡིན་ཏེ། དེ་དག་གི་རང་བཞིན་རྟོགས་པ་བཞིར་བློས་ངེས་པའི་ཕྱིར་རོ། །དེའང་འདི་ཉིད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་སོ། །ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་ཡེ་ནས་དག་པར་རྒྱུ་གཅིག་པ་དང་། སྐུ་གསུང་ཐུགས་ཀྱི་ཡི་གེའི་སྤྲིན་དུ་ཡེ་ནས་གནས་ཤིང་མ་སྐྱེས་པར་གཅིག་པ་དང་། དེ་དག་ཀྱང་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་པས་བྱིན་གྱིས་བརླབས་ཤིང་། བླ་མས་ཀྱང་དབང་ལ་སོགས་པའི་ལམ་དུ་བྱིན་གྱིས་བརླབས་པ་དང་། དེ་དག་ཀྱང་ཇི་ལྟར་གནས་པ་བཞིན་བསྟན་པའི་གནས་ལུགས་རང་གི་ཡིད་ཆེས་པར་མངོན་སུམ་དུ་རྟོགས་པ་བཞིའི་ངོ་བོར་ཁོང་དུ་ཆུད་པ་ནི། གཤིས་ཀྱི་གཞི་ལམ་གྱི་གཞིར་འགྲུབ་པར་བྱེད་པའི་གཏན་ཚིགས་སོ། །ཞེས་གསུངས། རྒྱུད་གསང་བ་སྙིང་པོའི་ལྟ་བའི་སྐབས་ཀྱི་གཏན་ཚིགས་རྣམས་རིགས་པས་བསྒྲུབས་ཏེ་ངག་དོན་དུ་བཀོད་པ་ལས། རྒྱུ་གཅིག་པ། ཡིག་འབྲུའི་ཚུལ། བྱིན་གྱིས་བརླབས་པ། མངོན་སུམ་པའི་གཏན་ཚིགས་སོ། །དང་པོ་ནི། སྣང་སྲིད་ཀྱི་ཆོས་རྣམས་ཆོས་ཅན། དོན་དམ་དབྱིངས་ཡེ་ཟུང་འཇུག་གི་ཡེ་ཤེས་སུ་རྒྱུའམ་ཚུལ་གཅིག་པ་ཡིན་ཏེ། ཆོས་ཉིད་དེའི་ངང་ཚུལ་ལས་མ་འདས་པའི་ཕྱིར། གཉིས་པ་ནི། དབྱིངས་ལས་ཤར་བའི་སྣང་བ་རྣམས་ཆོས་ཅན། དཔེ་ཡིག་འབྲུ་ཡི་ཚུལ་གྱིས་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་སྣང་བ་ཡིན་ཏེ། དབྱིངས་ཀྱི་རང་བཞིན་ལས་མ་འདས་པའི་སྣང་བ་ཡིན་པའི་ཕྱིར། གསུམ་པ་ནི། ཀུན་རྫོབ་དང་དོན་དམ་གཉིས་ཆོས་ཅན། ཕན་ཚུན་གཅིག་གིས་གཅིག་བྱིན་གྱིས་བརླབས་ཤིང་དབྱེར་མེད་པ་ཡིན་ཏེ། ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར། བཞི་པ་ནི། དབྱེར་མེད་པའི་གནས་ལུགས་ཆོས་ཅན། བློའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཐ་སྙད་ཀྱི་བློས་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་གསུངས། ཚད་མ་བཀའ་གཞུང་གི་གཏན་ཚིགས་ཀྱི་སྐབས་སུའང་གཟིགས། |
Domain | ཆོས་ལུགས། |
{{#arraymap:རྟོགས་པ་བཞིའི་གཏན་ཚིགས་
|; |@@@ | | }}