79424

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྟོགས་ལྡན་ཤེས་རབ་མགོན་པོ་ (1)
Part of speech མིང་ཚིག
Definition ཁོང་ནི། ཟུར་ཕུག་པའི་ཞལ་སློབ་ཡིན། འཁྲུངས་ཡུལ་ལ་སྟོད་པ། གདུང་གཡུང་། ཡབ་སངས་རྒྱས་སྐྱབས་དང་། ཡུམ་མྱང་མོ་དཔལ་ལྡན་འབུམ་ལས་ལྷ་གདོང་དགོན་པར་འཁྲུངས། (ཟུར་ཕུག་པའི་འཁྲུངས་ལོ་ནི། རབ་བྱུང་བཞི་པའི་ཆུ་ཕག་ ༡༢༦༣ ལོར་ཡིན། ) དགུང་ལོ་བཞི་པ་ལ་དགོན་གསར་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས། ན་བཟའ་སེར་མོ་བ་མཛད། བྲིས་ཀློག་ཆོག་ཕྲིན་ཀྱང་བསླབས། དགུང་ལོ་བཅུ་དགུ་པ་ལ་ཟུར་ཕུག་དང་། མཁན་ཆེན་བསོད་གཞོན་པ་ལས་བསྙེན་རྫོགས་མཛད། (དེབ་སྔོན་ལས། དགུང་ལོ་བཅུ་བདུན་པ་ལ་ལྷ་གདོང་པ་ལ་གཏུགས་ཞེས་གསུངས་ཀྱང་། ཡང་དགོན་པ་ལས་གཞན་ཞིག་ཡིན་ན་མ་གཏོགས་ཟུར་ཕུག་པ་ལས་བསྙེན་པར་རྫོགས་པ་བཤད་པས་དུས་མི་འགྲིག)། རིན་པོ་ཆེ་རྒྱལ་མཚན་འབུམ། བླ་མ་སངས་རྒྱས་དབོན། ཟུར་ཕུག་པ། མཁན་ཆེན་ཆོས་སྡིངས་པ། དྲོད་ཆུང་བ། བླ་མ་རིན་ཆེན་མགོན། བླ་མ་དར་མ་བཟང་པོ། མཁས་གྲུབ་ཁྲ་པ་སྤྲུལ་སྐུ་གྲུབ་ཆེན་པ། མཁས་བཙུན་བསོད་ནམས་འོད་ཟེེར། གྲུབ་ཐོབ་འདམ་ཞིག བླ་མ་རིན་ཆེན་རྫོགས་པ། བླ་མ་ཤེས་རབ་དར། བླ་མ་སྤང་དཀར་བ། རྟོགས་ལྡན་ན་ཁྲ་བ། རྟོགས་ལྡན་ཤག་ཤང་རྣམས་ལས་གསན་པ་མང་དུ་མཛད་ནས། ཤྲཱིར་འདག་སྦྱར་ལོ་བདུན་མཛད་པའི་ཚེ། རྟོགས་པ་ལོ་བཅུ་བདུན་ནས་འཁྲུངས་ཀྱང་བོགས་ཆེར་མ་ཐོན། དེ་ལྟ་བུའི་རྟོགས་ལྡན་ཆེན་པོ་དེ་དབུས་ཕྱོགས་སུ་བྱོན། ཀརྨ་པ་རང་བྱུང་རྡོ་རྗེ་དང་། རིག་འཛིན་གཞོན་ནུ་རྒྱལ་པོ་སོགས་བླ་མ་དུ་མར་བསྟེན། ཤམ་པོ་དང་གསལ་རྗེ་གངས་ལ་སོགས་པའི་དབེན་པ་རྣམས་སུ་བཞུགས། ཀོང་པོ་ཡན་ཆད་དུ་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། འདིས་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་ཡང་མཛད། གཞན་ལ་ཕན་གདགས་པའི་གསུང་རབ་ཀྱང་འགའ་ཞིག་བཀོད། འདི་ལ་བླ་ཆེན་རི་གཞོན་སོགས་སློབ་མ་མང་པོ་བྱོན་པའོ། །