79614
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགོན་འདི་ཉིད་ནི་མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱི་དངོས་སློབ་རྒྱ་མཚོ་སྣ་དགུའི་ཡ་གྱལ་བློ་གྲོས་བཟང་པོའི་སྐུ་ཕྲེང་དང་པོ། མ་ཎི་བ་བྱམས་པ་རྒྱ་མཚོ་མཆོག་གིས་སྤྱི་ལོ ༡༦༠༣ ལོར་ཕྱག་བཏབ། སྐུ་ཕྲེང་གཉིས་པ། སྨྱུ་གུ་བ་མེ་འབར་རྡོ་རྗེ། གསུམ་པ་ཕན་བདེ་རབ་རྒྱས། བཞི་པ་ཀུན་དགའ་བཟང་པོ། ལྔ་པ་བསྟན་པ་རབ་རྒྱས། དྲུག་པ་ཀུན་དགའ་སྙིང་པོ། བདུན་པ་ཉི་མ་བཀྲ་ཤིས། བརྒྱད་པ་ཀུན་ཁྱབ་ཉི་མ་འགྱུར་མེད་དཔལ་བཟང་པོ་བཅས་སྐུ་ཕྲེང་བརྒྱད་དང་། ངག་དབང་དཔལ་ལྡན་སྐུ་ཕྲེང་དྲུག དྲུང་རིག་སྤྲུལ་སྐུ་སྐུ་ཕྲེང་དྲུག ཤཱཀྱ་ནོར་བུའི་སྐུ་ཕྲེང་ལྔ་དང་། དེ་བཞིན་ཅོང་དགོངས་དགེ་ལེགས་སྐུ་ཕྲེང་གསུམ། ཀརྨ་འཕྲིན་ལས་སྐུ་ཕྲེང་གཉིས་བཅས་བླ་སྤྲུལ་ཁག་དྲུག་དང་། གྲྭ་པ་བརྒྱ་དང་ཉེར་གཉིས་ཙམ་ཡོད་པ་རྣམས་འདུལ་བའི་གཞི་གསུམ་གྱི་ཕྱག་ལེན་གྱི་རྨང་གཞིའི་ཐོག་སོ་བྱང་སྔགས་གསུམ་རང་རང་གི་དགག་སྒྲུབ་བསླབ་སྡོམ་ཚུལ་བཞིན་དུ་ཕྱག་ལེན་གནང་སྲོལ་ཡོད། ལོ་ལྟར་རང་ལུགས་བདེ་ཕག་གཉིས་གཙོ་བོར་གྱུར་པའི། མི་འཁྲུགས་པ། རྡོ་རྗེ་སེམས་དཔའ། ཐུགས་རྗེ་ཆེན་པོ། གུ་རུ་ཞི་དྲག ཕུར་པ། ཞི་ཁྲོ། མགོན་པོ་བཀའ་བརྒྱད། གཤིན་རྗེ་གྲོ་ལོད་སོགས་ཀྱི་སྒྲུབ་མཆོད་དང་། དེ་བཞིན་གཏོར་ཟློག་སོགས་ཀྱི་སྒྲུབ་མཆོད་ཉིན་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཆོས་ཕྱོགས་ཀྱི་བྱེད་སྒོ་མ་ཉམས་པར་སྤྱི་ལོ ༡༩༥༩ བར་གནས་ཡོད། སྤྱི་ལོ ༡༩༦༦ ལོར་རིག་གནས་གསར་བརྗེའི་དུས་རྐྱེན་འོག་དམིགས་མེད་དུ་གྱུར། སླར་ཡང་༡༩༨༣ ལོར་དགོན་འདི་ཉིད་སླར་གསོ་ཞུས། མཆོག་སྤྲུལ་བློ་གྲོས་བཟང་པོ་ཀུན་ཁྱབ་ཉི་མ་འགྱུར་མེད་སོགས་ཀྱི་ཐུགས་བཞེད་བཞིན། འདུ་ཁང་སྤོ་གཞུག་མཛད་ནས་རྩིག་རྨང་གསར་འདིང་གིས་ཐོག་བརྩེགས་གཉིས་ལྡན་ཀ་རིང་བརྒྱད་དང་། ཀ་ཐུང་སུམ་ཅུ་སོ་དྲུག་ཅན་ཞིག་གསར་བཞེངས་མཛད། དེའི་ལྡེབས་རིས་སུ་བཀའ་བརྒྱུད་སེར་ཕྲེང་དང་། མཛད་པ་བཅུ་གཉིས། རྒྱུད་སྡེའི་ལྷ་ཚོགས་སོགས་སྤུས་ལེགས་བྲིས་ཡོད། རྟེན་གཙོ་ནི། གསེར་ཟངས་ལས་གྲུབ་པའི་རྡོར་སེམས་ཀྱི་སྐུ་ཐོག་བརྩེགས་ཅན་དང། འཇམ་དབྱངས། སྤྱན་རས་གཟིགས། ཇོ་བོ། མི་ལ། སྒྲོལ་དཀར། གུ་རུ། ཚེ་དཔག་མེད། འོག་དཔག་མེད། ཀུན་དཀའ་བསྟན་འཛིན་བཅས་ཀྱི་སྐུ་འདྲ་ཐོག་བརྩེགས་རེ་བཅས། སྐུ་འདྲ་ཆེ་ཆུང་མང་པོ་དང། ཞལ་ཐང་ལྔ་བཅུ་ལྷག་ཙམ། རྒྱལ་བའི་བཀའ་འགྱུར་ཆེན་མོ་ཚར་གཉིས། བསྟན་འགྱུར་ཚར་གཉིས་སོགས། དཔེ་སྣ་མང་བཅས་བཞུགས། སྟེང་ཁང་དུ་བླ་བྲང་གཉིས་དང། མགོན་ཁང་། མཐའ་སྐོར་ལ་བླ་བྲང་དང། གྲྭ་ཤག་གྲལ་འགྲིག་བཀོད་ལེགས་དང་ལྡན་པ་གསར་བཞེངས་དང། སྒྲུབ་སྡེའི་མཚམས་ཤག་དང་བཤད་གྲྭའི་སློབ་ཁང་སོགས་གསར་བཞེང་གནང་བཞིན་པ་ཡིན་ཅིང་། མཆོག་སྤྲུལ་བློ་གྲོས་བཟང་པོ་རིན་པོ་ཆེ་མཆོག་གི་གཙོས། མཁན་སྤྲུལ་འདུས་མང་བརྒྱད་བཅུ་ཡས་མས་ཙམ་གྱིས་བཅས་ཁྲིམས་དང། འདུས་པའི་ནང་ཁྲིམས་སོགས་ཕྱག་བཞེས་ལྟར་གནང་བ་དང། སྒྲིག་ལམ་ཀུན་སྤྱོད་སོ་བྱང་སྔགས་གསུམ་གྱི་བསླབ་སྡོམ་སོགས་རྣམ་པར་དག་པ་སྔར་བཞིན་གོང་འཕེལ་འབྱུང་བཞིན་པ་བཅས་ཡོད་འདུག། ། |