79927
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་པའི་ཆུ་བྱི་ཕྱི་ལོ་ ༡༦༡༢ ལོར་སྟོད་མཚོ་སྒོར་ལྷུན་གྲུབ་སྒང་ཆེན་གྱི་སྲས་སུ་འཁྲུངས། ཆུང་དུས་ནས་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་དཀོན་མཆོག་རྒྱལ་མཚན་ཞེས་སྩལ། ཤར་རྩེ་གྲྭ་ཚང་དུ་ཞུགས་ཏེ། བསྡུས་གཞུང་ནང་གཞུང་ཆེན་ལྔ་མཐའ་དཔྱོད་དང་བཅས་པར་དམ་བཅའ་ལེགས་པར་ཐོན། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། བྱང་ཆུབ་ལམ་རིམ་དང་དབེན་ས་སྙན་བརྒྱུད་ཀྱི་མན་ངག་བཅས་གསན། གཞན་ཡང་བློ་སྦྱོང་དོན་བདུན་མའི་ཁྲིད་དང་། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད། ནཱ་རོ་ཆོས་དྲུག་གི་ཟབ་ཁྲིད། ནམ་མཁའ་སྒོ་འབྱེད་ཀྱི་དབང་། བདེ་གསང་འཇིགས་གསུམ་གྱི་དབང་དང་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་ལེགས་པར་ཞུས། དབེན་ས་དགོན་དུ་སྒོམ་སྒྲུབ་ཉམས་ལེན་མཛད། མངོན་རྟོགས་ཀྱི་ཡོན་ཏན་མངའ་བརྙེས། ཉམས་མགུར་ཡང་མང་དུ་གསུངས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བཀྲ་ཤིས་ལྷུན་པོར་རྒྱུད་པ་གྲྭ་ཚང་འཛུགས་སྐབས་གདན་སའི་མཁན་ཁྲིར་བཞུགས། གསང་ཆེན་ཆོས་འཁོར་བསྐོར། པཎ་ཆེན་བློ་བཟང་ཡེ་ཤེས་གདན་སར་མངའ་གསོལ། བསྙེན་རྫོགས་ཀྱི་སྡོམ་པ་ཕུལ། བྱང་ཆུབ་ལམ་རིམ། དབེན་ས་སྙན་བརྒྱུད་བཅས་ལེགས་པར་དུ་ཕུལ། དོན་དྲུག་པ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་ ༡༦༨༧ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་པཎ་ཆེན་བློ་བཟང་ཡེ་ཤེས་དང་། རྡོ་རྗེ་འཛིན་པ་དགེ་ལེགས་རབ་རྒྱས། རྡོ་རྗེ་འཛིན་པ་བློ་བཟང་མགོན་པོ། ཞལ་སྔ་འཇམ་དབྱངས་ཆོས་འཕེལ། སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་འཕྲིན་ལས། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་བཅས་མང་དུ་བྱོན། གསུང་རྩོམ་ནི་བློ་སྦྱོང་སྡུག་བསྔལ་ལམ་ཁྱེར་དང་། དོན་བདུན་མའི་འགྲེལ་བ། འཁོར་ལོ་སྡོམ་པའི་དཀྱིལ་ཆོག བདེ་མཆོག་ལུས་དཀྱིལ་གྱི་མངོན་རྟོགས། ལྷོ་སྒོའི་ཆོ་ག དྲིལ་བུ་ལྷ་ལྔའི་མངོན་རྟོགས། ཡི་གེ་བརྒྱ་པའི་འགྲེལ་བ། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཆོ་ག ཉམས་མགུར། ལམ་རིམ་ཚིགས་བཅད་མ་ཞི་གནས་ཀྱི་ཡིག་ཆུང་དང་བཅས་པ་སོགས་ཆོས་ཚན་བཅོ་ལྔ་ཙམ་བཞུགས། |