80141

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྗེའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། ཐབས་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེའི་ལམ་གྱིས་རྡོ་རྗེ་གསུམ་མངོན་དུ་བྱེད་པས་སྔགས་ཀྱི་ཐེག་པ་ལ་རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། རྡོ་རྗེའི་ཐེག་པ་ནི་ནང་རྒྱུད་བླ་མེད་ཀྱི་ཐེག་པ་ལ་མཚན་གྱི་རྣམ་གྲངས་ལྔར་གསུངས་པའི་ཡ་གྱལ་ཏེ། འདིའི་དོན་ནི། བཀའ་བརྒྱད་རྣམ་བཤད་ལས། རྡོ་རྗེའི་ཐེག་པ་ཞེས་པའི་དོན་ནི། མཚན་ཉིད་པ་ལྟར་ཀུན་རྫོབ་སྒྱུ་མའི་ཆོས་ལ་བླང་དོར་དུ་སྤྱོད་པ་མ་ཡིན་གྱི། ཀུན་རྫོབ་དོན་དམ་དབྱེར་མེད་པར་སྤྱད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྦྱོར་བས་ཡེ་ནས་བླང་དོར་མེད་པར་སངས་རྒྱས་པའི་བདག་ཉིད་རྡོ་རྗེ་ལྟ་བུ་དབྱེར་མི་ཕྱེད་པའི་དོན་དང་ལྡན་པའི་ཐེག་པ་ལ་རྡོ་རྗེའི་ཐེག་པ་ཞེས་བརྗོད་པ་ཡིན་ནོ། །འོད་གསལ་སྙིང་པོ་ལས། སྔགས་ལམ་དུ་དང་པོར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དུས་ནས་ཀྱང་འཁོར་འདས་དབྱེར་མེད་དག་པ་ཆེན་པོར་ལྟ་བས་ན་ལྟ་བ་མ་རྨོངས་པ་ཡིན་ནོ། །དེའི་ཕྱིར་ཀུན་འབྱུང་ལམ་བདེན་དང་སྡུག་བསྔལ་འགོག་བདེན་གྱི་ངོ་བོར་ཤར་བས་ཉོན་མོངས་པ་ཡེ་ཤེས་དང་། སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བས་ན་རྒྱུ་འབྲས་དབྱེར་མེད་དུ་ལྟ་བས་འབྲས་བུའི་ཐེག་པ་དང་། རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། དེའི་དབང་གིས་ཕུང་ཁམས་སྐྱེ་མཆེད་ལའང་རྡོ་རྗེའི་མིང་གིས་བསྟན་ཏོ། །ཞེས་དང་། ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་ཉིན་བྱེད་སྣང་བ་ལས། རྡོ་རྗེའི་ཐེག་པ་ཞེས་པའི་དོན་ནི། མཚོན་བྱེད་དཔེའི་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཆོས་ཉིད་དོན་དམ་པའི་རྡོ་རྗེ་བདེ་གཤེགས་སྙིང་པོའི་ཡིན་ལུགས་བླ་མས་ངོ་སྤྲད་པ་དེ་ཉིད། ཕར་མཚན་མའི་རྣམ་རྟོག་ཐམས་ཅད་ཀྱིས་གླགས་མི་རྙེད་པས་ན་རྡོ་རྗེ་ཡིན་ལ། དོན་དམ་ཉམས་ལེན་གྱི་གཙོ་བོར་བརྟེན་པས་ན་རྡོ་རྗེ་ཐེག་པ་ཞེས་བྱའོ། །ཞེས་དང་། མཚན་གྱི་རྣམ་གྲངས་ལ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ལ། །འབྲས་བུ་འམ་ནི་རྡོ་རྗེའི་ཐེག་པ་དང་། །ཐབས་ཀྱི་ཐེག་པ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཅེས་གྲགས་རྒྱུད་ལས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། འབྲས་བུའི་ཐེག་པ་དང་། རྡོ་རྗེའི་ཐེག་པ། ཐབས་ཀྱི་ཐེག་པ། རིག་པ་འཛིན་པའི་སྡེ་སྣོད་བཅས་སུའང་གྲགས་སོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེའི་ཐེག་པ་

|; |@@@ | | }}