80198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྡོ་རྫོང་དང་པོ་དཀོན་མཆོག་རྒྱལ་པོ་ (1)
Part of speech མིང་ཚིག
Definition རྡོ་རྫོང་སྐུ་ཕྲེང་དང་པོའམ་ནང་སོ་དཀོན་མཆོག་རྒྱལ་པོ་མཆོག་ནི། ཡོངས་འཛིན་ངག་དབང་བཟང་པོ་རྗེ་ལྷ་རྩེ་བའི་སློབ་མ་ཡིན། (རྗེ་ལྷ་རྩེ་བའི་འཁྲུངས་ལོ་རབ་བྱུང་དགུ་པའི་མེ་རྟ་ ༡༥༤༦ ལོར་འཁྲུངས། ) རྗེ་ལྷ་རྩེའི་སློབ་མ་སྒོམ་མེད་རྟོགས་པའི་མི་དགུ་དང༌། རྗེས་ཐོབ་ལམ་དུ་ལྷོང་བ་བཞི་བཅུ་ཞེ་ལྔའི་ཡ་གྱལ་ཡིན། རྗེ་དེ་ལ་བསྟེན་ནས་གནས་ལུགས་རྣལ་མའི་རང་བཞིན་ལ་དབང་འབྱོར་བས། ནང་སོ་རྣལ་འབྱོར་པ་དཀོན་མཆོག་རྒྱལ་པོ་ཞེས་ཡོངས་སུ་གྲགས། རྒྱལ་ཁམས་དུ་མར་ཞབས་ཀྱིས་བཅགས་པས། རྒྱལ་ཁམས་པ་དཀོན་མཆོག་རྒྱལ་པོ་ཞེས་ཀྱང་བྱ། རྡོ་རྗེ་གདན་དང་ཨོ་རྒྱན་གྱི་ཡུལ་དུ་དངོས་སུ་ཕེབས། དེ་ནས་གདུལ་བྱ་ཕྱོགས་མེད་སྐྱོང་བཞིན་བྱང་ཆུ་མ་ཁར་ཞེས་པའི་སར་ཕེབས་པ་ན། རེ་ཁེ་ཕྱི་སོའི་ཇག་པ་མི་དགུ་རྐྱ་བཅུ་དང་འཕྲད་དེ། ༼འདི་མི་དགུ་དང་རྐྱ་པ་གཅིག་བཅས་བཅུ་འདི། གནས་པོ་ཡོན་ཏན་རི་བཀྲའི་སྤྲུལ་པ་ཡིན་པར་གྲགས། རྐྱ་པ་ཞེས་པ་ནི་ཡུལ་སྐད་ལ་རྟ་པ་ལ་གོ ༽ སྐུ་ལ་བསྡོ་བའི་ཉེར་འཚེ་མང་པོ་བརྩམས་པ་ན་སྐུ་ལ་གནོད་འཚེས་ཅི་ཡང་མ་ཚུགས་པས་དེ་རྣམས་དད་པ་དབང་མེད་སྐྱེས་ཏེ། ཡུལ་དུ་འབྱོན་དགོས་པའི་གསོལ་བ་ནན་གྱིས་བཏབ་པས་མཐར་ཞལ་བཞེས་ཐོབ་སྟེ་རེ་ཁེ་ཕྱི་སོའི་ཡུལ་དུ་གདན་དྲངས་ནས། སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་གནས་རྡོ་རྗེ་རྫོང་དུ་བཞུགས་ཤིང༌། སྐྱ་སེར་འདུས་པ་རྣམས་ལ་ཚོགས་ཆོས་དང་ཟབ་ཁྲིད་ཆེ་ཕྲའི་ངོ་སྤྲོད་བསྩལ་བ་སོགས། འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་པའི་འཕྲིན་ལས་བསྐྱངས། འཛི་སྒར་དང་པོ་བསོད་ནམས་རྒྱ་མཚོས་རྡོ་རྗེ་ཕྲེང་བའི་སྨིན་དབང་བཞེས་པས། བླ་མ་འདི་ཉིད་འཁོར་ལོ་སྡོམ་པར་དངོས་སུ་གཟིགས། སྔ་ཕྱིར་དབང་ལུང་གཞན་ཡང་མང་ཞིག་གསན། དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས། གསང་སྔགས་གསར་རྙིང་གི་ཆོས་ཚུལ་དུ་མ་གསན་པ་སོགས། རིས་མེད་ཀྱི་སྐྱེས་ཆེན་མང་པོས་བླ་མར་བསྟེན། ཇི་སྐད་དུ། རྟ་ར་རྩིབས་དང་མེ་ལོང་གདོང༌། །དགོན་འགོ་ལ་སོགས་དགོན་སྡེ་བཏབ། །དགོན་མ་ལག་བུ་དགུའི་འབྲེལ་བ་བྱུང༌། །ཞེས་པས། ཞལ་སློབ་དགུས་ས་གནས་དགུར་དགོན་པ་དགུ་བཏབ་པར་གྲགས། རང་གི་གདན་སར་བཀའ་བརྒྱུད་གོང་མའི་རྣམ་ཐར་གཙང་མ་རྗེས་སུ་བསྐྱངས་ནས་སྙིང་པོ་དོན་གྱི་རྣལ་འབྱོར་ཁོ་ནར་གཞོལ་བས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མཚན་ཉིད་པ་ཐུགས་ལ་འཁྲུངས། དེ་ནས་བཟུང་གནས་ཀྱི་མིང་གང་ཟག་ལ་ཐོགས་ནས། རྡོ་རྗེ་རྫོང་པ་ཞེས་གྲགས། རྗེ་འདིས་མཛད་པའི་ཞལ་གདམས་སྐོར་པོད་གཉིས་ཙམ་ད་ལྟར་བཞུགས་སོ། །

{{#arraymap:རྡོ་རྫོང་དང་པོ་དཀོན་མཆོག་རྒྱལ་པོ་

|; |@@@ | | }}