80224
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྗེ་འདི་ནི་མདོ་སྨད་རྡོ་སྦིས་གསེར་མོ་ལྗོངས་ཞེས་པའི་ཡུལ་གྱི་ཁོངས་གཏོགས་རྡོ་གྲོ་བ་བྱ་བའི་གྲོང་སྡེར་ཡབ་ལྷ་ལུང་སྐྱབས་དང། ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཤིང་སྤྲེལ་ཕྱི་ལོ་༡༨༨༤ ལོར་སྐུ་འཁྲུངས། དགུང་ལོ་ལྔ་པ་ས་བྱི་ལོར་འབྲས་སྒོ་མང་དགེ་བཤེས་ནོར་བུ་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས། དགུང་ལོ་བཅུ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཨ་ཁུ་གུང་ཐང་བློ་གྲོས་སོགས་བླ་མ་དུ་མ་བསྟེན། དགུང་ལོ་ཉེར་གཅིག་པ་ཤིང་འབྲུག་ཕྱི་ལོ་༡༩༠༤ ལོར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགེ་བཤེས་མཆོག་གྲུབ་དཀར་པོ་སོགས་བཤེས་གཉེན་བཅུ་ཕྲག་གསུམ་ལྷག་ཙམ་གྱི་ཞབས་ལ་གཏུགས་ཏེ་རིག་པའི་གནས་མཐའ་དག་དང། མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་མཐར་ཕྱིན་མཛད་ནས་མཁས་པའི་གོ་འཕང་མཐོན་པོར་གཤེགས། དགུང་ལོ་སོ་གསུམ་བཞེས་དུས་དམིགས་གསལ་གྱིས་ལྷ་རམས་པའི་མཚན་བཏགས་བརྩལ། ནོར་བུ་གླིང་གའི་རྩོད་རྒྱུགས་ཚེ་ཨང་དང་པོོ་བཞེས། ལོ་དེར་རྒྱལ་དབང་མཆོག་གིས་རིག་པའི་གནས་ལྔ་ལ་མཁས་པའི་ཨང་དང་པོའི་མཚན་སྙན་སྩལ། དགུང་ལོ་སོ་བཞི་པ་མེ་སྦྲུལ་ལོ་ནས་༸རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་བཀའ་ལུང་ལྟར་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པོད་ཉེར་དགུའི་པར་གཞི་གསར་བཞེངས་ཞུས་དག་དང། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དཔར་གཞི་གསར་བཞེངས་ཞུ་དག་ལེགས་པར་མཛད། ང་ལྔ་པར་རྒྱ་ནག་ཏུ་ཕེབས་ནས་བོད་སོག་རྒྱུན་ལས་ལྷན་ཁང་གི་ཚོགས་གཞོན་གྱི་འགན་ཁུར། སློབ་གྲྭ་ཆེ་ཁག་ལྔ་ལ་སློབ་ཁྲིད་ཀྱང་མཛད། རེ་བརྒྱད་པར་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་གཞོན་པ་དང་། རིག་གནས་སློབ་གསོ་རྒྱུན་ལས་ལྷན་ཁང་གི་རྒྱུན་ལས། ནུབ་བྱང་མི་རིགས་ལས་དོན་རྒྱུན་ལས་ཀྱི་འགོ་ཁྲིད་གཞོན་པ། རྒྱ་ནག་འཐུས་མི་ཚོགས་ཀྱི་སྐབས་དང་པོ་དང་སྐབས་གཉིས་པའི་འཐུས་མི། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་གཉིས་པ་དང་སྐབས་གསུམ་པའི་རྒྱུན་ལས་འཐུས་མི། རྒྱ་ནག་རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་ཁུར། དོན་གསུམ་པར་རྒྱ་གར་དང་། བལ་པོའི་རྒྱལ་ཁབ་གཉིས་ཀྱིས་གདན་ཞུས་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་ཚོགས་ཆེན་ལ་ཞུགས། ད་དུང་འབར་མ་སོགས་སུ་ཕེབས་ནས་ཆོས་སྦྱིན་མཛད། སློབ་མའི་ཚོགས་ཀྱང་ཤིན་ཏུ་མང་སྟེ་གྲགས་ཆེ་བ་དགེ་བཤེས་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་དང། གཞུང་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་སོགས་སོ། །དགུང་གྲངས་གྱ་བཞིར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་ཕྱི་ལོ་༡༩༦༨ ཟླ་༡༡ཚེས་གཅིག་ཉིན་རྒྱ་དམར་ཀླ་ཀློའི་དཔུང་གིས་རྩུབ་སྤྱོད་མི་བཟད་པའི་འོག་ཞིང་ཁམས་གཞན་དུ་གཤེེགས་པར་གྱུར། བདག་ཉིད་ཆེན་པོ་འདིས་ལྗགས་རྩོམ་གནང་བའི་གྲས་སུ་དགའ་ལྡན་ཁྲི་ཟུར་བྱམས་པ་ཆོས་གྲགས་ཀྱིས་མཛད་པར་ཁ་གཡར་བའི་རྣམ་ཐར་དང། ཨོ་རོལ་རྣམ་ཐར་སོགས་གསུང་འབུམ་པོ་ཏི་བཅུ་ལྷག་བཞུགས་ཀྱང། དམར་པོའི་དཔུང་ཚོགས་ཀྱིས་རྒྱལ་བསྟན་རྨང་ནས་བཤིགས་པ་དང་མཉམ་དུ་ཕལ་ཆེར་རྩ་བརླག་ཏུ་གྱུར། ཤུལ་ལུས་གསུང་རྩོམ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མཚོ་སྔོན་མི་རིགས་དཔེ་སྐུན་ཁང་གིས་གླེགས་བམ་གསུམ་དུ་པར་བསྐྲུན་བྱས་ཡོད་པ་བཅས་སོ། ། |
{{#arraymap:རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་
|; |@@@ | | }}