80412

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་གཡེང་ (1)
Part of speech མིང་ཚིག
Definition བག་མི་ཕེབས་པའི་སེམས་ཀྱི་སྣང་བ་དང་བྱ་སྤྱོད་སོགས།
Example དཔེ་ཆ་ཀློག་དུས་རྣམ་གཡེང་མ་བྱེད་ཅེས་པ་ལྟ་བུ།

{{#arraymap:རྣམ་གཡེང་

|; |@@@ | | }}

རྣམ་གཡེང་ (2)
Part of speech མིང་ཚིག
Definition རྣམ་པར་གཡེང་བ་ཞེས་པ་ནི། ཉོན་མོངས་པའི་དབང་གིས་སེམས་དམིགས་པ་ལས་གཡེང་བར་བྱེད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། རྣམ་པར་གཡེང་བ་གང་ཞེ་ན། འདོད་ཆགས་དང། ཞེ་སྡང་དང་། གཏི་མུག་གི་ཆར་གཏོགས་པའི་སེམས་ཀྱི་རྣམ་པར་འཕྲོ་བ་སྟེ། དེ་ཡང་ངོ་བོ་ཉིད་ཀྱི་གཡེང་བ་དང་། ཕྱི་རོལ་ཏུ་གཡེང་བ་དང། ནང་གི་གཡེང་བ་དང། མཚན་མའི་གཡེང་བ་དང། གནས་ངན་ལེན་གྱི་གཡེང་བ་དང་། ཡིད་ལ་བྱེད་པའི་གཡེང་བའོ། །ངོ་བོ་ཉིད་ཀྱི་གཡེང་བ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔའོ། །ཕྱི་རོལ་ཏུ་གཡེང་བ་གང་ཞེ་ན། དགེ་བ་ལ་ཞུགས་པའི་སེམས་འདོད་པའི་ཡོན་ཏན་ལྔ་ལ་རྣམ་པར་འཕྲོ་བའོ། །ནང་གི་གཡེང་བ་གང་ཞེ་ན། དགེ་བ་ལ་ཞུགས་པ་བྱིང་བ་དང། རྒོད་པ་དང། རོ་མྱང་བར་བྱེད་པའོ། །མཚན་མའི་གཡེང་བ་གང་ཞེ་ན། གཞན་ཡིད་ཆེས་པར་བྱ་བ་སྔོན་དུ་བཏང་སྟེ་དགེ་བ་ལ་སྦྱོར་བའོ། །གནས་ངན་ལེན་གྱི་གཡེང་བ་གང་ཞེ་ན། ངར་འཛིན་པ་དང། ང་ཡིར་འཛིན་པ་དང། ངའོ་སྙམ་པའི་ང་རྒྱལ་གྱི་ཕྱོགས་ཀྱི་གནས་ངན་ལེན་ལ་བརྟེན་ནས་དགེ་བ་ལ་ཞུགས་པའི་ཚོར་བ་བྱུང་བ་འབྱུང་བ་རྣམས་ལ་ང་ཞེའམ། ང་ཡི་ཞེའམ། ངའོ་སྙམ་དུ་འཛིན་པ་དང། འདྲེས་པ་དང། མཚན་མར་འཛིན་པའོ། །ཡིད་ལ་བྱེད་པའི་གཡེང་བ་གང་ཞེ་ན། སྙོམས་པར་འཇུག་པ་གཞན་ནམ། ཐེག་པ་གཞན་ལ་སྙོམས་པར་འཇུག་པ་དང་། གནས་པའི་རྣམ་པར་འཕྲོ་བ་གང་ཡིན་པ་སྟེ། འདོད་ཆགས་དང་འབྲལ་བའི་བར་དུ་གཅོད་པའི་ལས་ཅན་ནོ་ཞེས་གསུངས། འདི་དང་གོང་དུ་བཤད་པའི་རྒོད་པ་གཉིས་ཁྱད་མེད་དམ་སྙམ་ན། རྒོད་པ་ནི་སྔར་འདྲིས་པའི་ཕྱི་རོལ་གྱི་ཡུལ་ཡིད་དུ་འོང་བའི་ཆ་ལ་འཕྲོ་བ་འདོད་ཆགས་ཀྱི་ཆར་གཏོགས་ཡིན་ལ། རྣམ་གཡེང་ནི་ཡུལ་གང་ཡང་རུང་བ་ལ་གཡེང་བ་དུག་གསུམ་གའི་ཆར་གཏོགས་སུ་ཡོད་པས་མི་འདྲའོ། །འདིར་བཤད་པའི་རྣམ་གཡེང་འདི་དག་ནི་སྤྱིར་རྣམ་གཡེང་གི་རྣམ་གྲངས་གསུངས་པ་ཡིན་གྱི། ཐམས་ཅད་ཉེ་ཉོན་དངོས་ཡིན་པའི་ངེས་པ་མེད་དེ་དང་པོ་ལུང་མ་བསྟན་དང་། ཐ་མ་ལ་དགེ་བས་བསྡུས་པ་ཡང་ངོ་། ཉེ་ཉོན་གྱི་གཡེང་བ་དངོས་ནི་ཕྱི་རོལ་དུ་གཡེང་བ་དང་ནང་གི་གཡེང་བ་ལྟ་བུ་ལ་གསུངས་པས་དཔྱད་པར་བྱའོ། །
Domain ཆོས་ལུགས།

{{#arraymap:རྣམ་གཡེང་

|; |@@@ | | }}