80462

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་ཐར་སྒོ་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གྲོལ་བ་དོན་གཉེར་ཅན་རྣམས་ཀྱིས་ཐར་པ་ཐོབ་པ་ན་རང་གི་སྒོམ་བྱའི་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་གསུམ་ལ་རྣམ་ཐར་སྒོ་གསུམ་ཞེས་བརྗོད། དེ་དག་ཇི་ལྟར་འཇོག་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཐུན་མོང་བའི་དབང་དུ་བྱས་པ་དང། ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཐུན་མོང་བའི་དབང་དུ་བྱས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་དང། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་དམིགས་པ་ཡོད་དེ། དང་པོས་སྡུག་བསྔལ་བདེན་པའི་ཁྱད་ཆོས་སྟོང་བདག་མེད་གཉིས་ལ་དམིགས། གཉིས་པས་འགོག་ལམ་གྱི་རྣམ་པ་བརྒྱད་ལ་དམིགས། གསུམ་པས་སྡུག་བསྔལ་བདེན་པའི་ཁྱད་ཆོས་མི་རྟག་སྡུག་བསྔལ་གཉིས་དང། ཀུན་འབྱུང་བདེན་པའི་རྣམ་པ་བཞི་ལ་དམིགས་པའི་ཕྱིར་དང། མཛོད་ལས་ཀྱང་བདེན་བཞི་དེའི་དམིགས་པར་བཤད་པའི་ཕྱིར། རྒྱན་ལས་ནི་ཆོས་ཀྱི་སྡོམ་བཞི་དེའི་དམིགས་པར་བཤད་དེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་གཉིས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་དམིགས་པ་དང། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་དམིགས་པ་དང། མྱ་ངན་ལས་འདས་པ་ཞི་བ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་དམིགས་པར་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་དུ། །ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་ཐར་སྒོ་གསུམ་

|; |@@@ | | }}

རྣམ་ཐར་སྒོ་གསུམ་ (2)
Part of speech མིང་ཚིག
Definition མདོ། དབུ་མ། དངོས་པོ་མ་དམིགས་པས་རྣམ་པར་རྟོག་པའི་དྲི་མས་ཉེ་བར་མ་སྦགས་པའི་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་ནི། རྣམ་པ་དབེན་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་ནི། མཚན་མ་མ་དམིགས་པའི་སྒོ་ནས་ཞི་བའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པ་ནི། སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ཏེ། འདུ་བྱེད་སྡུག་བསྔལ་གྱི་བདག་ཉིད་ཅན་རྣམས་ལ་ཡང་དག་པར་རྗེས་སུ་ལྟ་ཞིང་ཤེས་རབ་ཀྱིས་འདུ་བྱེད་ཀྱི་རང་བཞིན་ལ་ལྟ་བ་ན་སྨོན་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་བདག་མེད་པ་རྣམ་པ་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་པའོ། །གཟུགས་སོགས་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ནི་མཚན་མ་མེད་པའི་རྣམ་པའོ། །སྡུག་ཀུན་གཉིས་ཀྱིས་བསྡུས་པའི་ཟག་པ་དང་བཅས་པའི་ཆོས་རྣམས་ནི་སྨོན་པ་མེད་པའི་རྣམ་པའོ། །དེ་དག་ལ་དམིགས་པའི་འཇིག་རྟེན་པའི་ཏིང་ངེ་འཛིན་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ཞེས་བརྗོད་ལ། དེ་དག་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་བརྗོད་དོ། །རྣམ་ཐར་གྱི་མཚན་ཉིད། རྣམ་པར་གྲོལ་བར་བྱེད་པའོ་ཞེས་རེད་མདའ་བས་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ལས་གསུངས་སོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དངོས་པོ་དམིགས་པ་མེད་པར་རྣམ་པར་རྟོག་པའི་དྲི་མས་མ་སྦགས་པའི་ཕྱིར་རྣམ་པར་དབེན་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་མཚན་མ་མེད་པ་ལ་དམིགས་པའི་སྒོ་ནས་ཞི་བའི་མཚན་ཉིད་ཅན་ནོ། །རྣམ་པར་ཐཪ་པའི་སྒོ་སྨོན་པར་མེད་པ་ནི་སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ཏེ། འདུ་བྱེད་ཀྱི་རང་བཞིན་སྡུག་བསྔལ་གྱི་རང་བཞིན་ལ་ཤེས་རབ་ཀྱིས་རྗེས་སུ་ལྟ་བ་ན་སྨོན་པར་མི་བྱེད་པའི་ཕྱིར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། །

{{#arraymap:རྣམ་ཐར་སྒོ་གསུམ་

|; |@@@ | | }}