80877
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་རོང་སྟོན་ཆེན་པོའི་རྒྱལ་ཚབ་འཕན་ཡུལ་ནཱ་ལེནྡྲའི་གདན་རབས་གཉིས་པ། ཤར་དྭགས་པོའི་པཎྜི་ཏ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་བསྟན་པའི་སྦྱིན་བདག་མངའ་བདག་ཤག་པ་ལེ་ནག་བརྒྱ་བྱིན་དང་། ས་སྐྱོང་ཨེ་ལྷ་རྒྱ་རི་བས་གཙོས་ཡུལ་ལུང་དེ་གའི་སེར་སྐྱ་ཕོ་མོའི་ཐུགས་རྗེའི་རྒྱབ་སྐྱོང་འོག སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་གཙུག་ལག་ཁང་འདི་ཉིད་གདུལ་བྱའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་བསྐྲུན་པར་མཛད་དེ། འཕན་པོ་ནཱ་ལེནྡྲའི་མཚན་ཉིད་བཤད་གྲྭའི་མཚན་ལ་མཐོང་སྨོན་གྲྭ་ཚང་ཞེས་མཚན་གནང་བ་ལྟར། འདིར་ཡང་བཤད་སྒྲུབ་བསྟན་པའི་འབྱུང་གནས་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་ཞེས་མཚན་གསོལ་གནང་། དགོན་པ་ཆགས་ཡུལ་ནི་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་མཉམ་མེད་ཇོ་བོ་རྗེས་གཡུ་རུའི་སའི་ཆ་ཡུལ་གཡོར་པོ་གཞུང་ཞེས་མིང་བཏགས་གནང་བའི་གཞུང་གི་རི་བོ་ཁྱུང་ལྡིང་གི་གཤམ་དུ་དགོན་པ་ཆགས་ཡོད། གདུ་ཁང་ཀ་བ་ཉི་ཤུ། གཙང་ཁང་ཀ་བ་གཉིས། རྟེན་གཙོ་ཐུབ་དབང་བྱིན་ཅན་ལ་ཉེ་སྲས་བརྒྱད་ཀྱི་བསྐོར་བ། སྤྱིར་ན་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་ཐར་ངོ་མཚར་གྱི་རྒྱ་མཚོ་ལས་བྱ་བ་ལས་ཀྱི་འཁོར་ལོ་ལ་བརྟེན་ནས་བསྟན་པའི་གཞི་དགེ་འདུན་གྱི་སྡེ་བསྐྱངས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་བཞེངས་པའི་ཐོག་མར་གསང་ཕུའི་མཐོང་སྨོན་གྲྭ་ཚང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཉམས་གསོ་གནང་ནས་དགེ་འདུན་གྱི་སྡེ་འཕེལ་བའི་སྐོར་དང་། དེ་ནས་ཤེལ་དཀར་ཆོས་སྡེའི་གནས་དམ་པར་དགེར་བུ་ལུང་རིགས་འབྲུག་སྒྲ་དང་རིགས་ལམ་གསལ་བྱེད་ལ་འཆད་ཉན་བྱེད་པའི་གྲྭ་ཚང་ཡང་བཅུ་གསུམ་འཛུགས་པར་མཛད་ཅེས་དང་། བྱམས་ཆེན་ཆོས་སྡེར་ཡང་དགེ་རྒྱས་གྲྭ་ཚང་བྱ་བ་བཙུགས་ནས་དཀར་ཤཱག་སྨྲ་བའི་དབང་པོ་འཆད་ཉན་ལ་བསྐོ་བར་མཛད་པ་དང་། མངོན་དགའ་ཆོས་སྡེར་ཡང་གསུང་རྒྱུན་འཆད་པའི་གྲྭ་ཚང་དྲུག་བཙུགས་ནས་བུ་སློབ་མཁས་པ་རྣམས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་ལ་བསྐོ་བར་མཛད། ད་དུང་མཉེས་ཐང་བཀྲ་ཤིས་སྒང་བསྐྱར་གསོ་གནང་བ་དང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདེབས་པར་མཛད་པའི་སྐབས་གཙོ་བོའི་ཐུགས་འགན་བཞེས། གསང་ཕུའི་མཐོང་སྨོན་གྲྭ་ཚང་ངམ་གསང་ཕུའི་དྭགས་པོ་གྲྭ་ཚང་དང་རྣམ་རབ་མཐོང་སྨོན་དྭགས་པོོ་གྲྭ་ཚང་གཉིས་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་ཞལ་བཞུགས་པའི་སྐབས་ཡུལ་ལུང་ཐ་དད་དུ་མ་དགོན་དང་བུ་དགོན་གྱི་ཚུལ་དུ་དགོན་པ་ཐ་དད་པར་གནས་ཀྱང་སྤྱི་ལོའི་དུས་རབས་བཅུ་བདུན་པའི་མཚམས་ནས་བསྟན་པའི་འཕེལ་འགྲིབ་དང་དུས་ཀྱི་འགྱུར་བ་གང་ཅིའི་རྒྱུ་མཚན་ལ་བརྟེན་ནས་གསང་ཕུའི་མཐོང་སྨོན་གྲྭ་ཚང་དེ་ལྷོ་ཁ་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་དུ་ཟླ་བསྒྲིལ་བཏང་རྗེས་གསང་ཕུ་བླ་ཁག་བཅུའི་ནང་ཚན་གླིང་སྟོད་མཐོང་སྨོན་གྲྭ་ཚང་ཡང་རྣམ་རབ་དྭགས་པོ་གྲྭ་ཚང་འདི་ཉིད་དུ་ངོས་འཛིན་པ་མ་ཟད། གསང་ཕུ་མཐོང་སྨོན་གྲྭ་ཚང་ལོ་ལྟར་ལྷ་ལྡན་སྨོན་ལམ་ཆེན་མོར་ཕེབས་སྲོལ་ཡོད་པ་ཡང་ལྷོ་ཁ་ནས་ཕེབས་པའི་ཚུལ་སོགས་གང་ལྟར་སྔོན་དུས་གསང་ཕུ་མཐོང་སྨོན་གྲྭ་ཚང་དེ་ད་ལྟ་རྣམ་རབ་དྭགས་པོ་གྲྭ་ཚང་དུ་གྱུར་ནས་དགོན་པ་གཅིག་པར་གསུངས་ཡོད་པ་ལས་ཤེས། དེ་ལྟར་ཡུལ་རྣམ་རྒྱལ་རབ་བརྟན་དུ་རྣམ་རབ་མཐོང་སྨོན་དྭགས་པོ་གྲྭ་ཚང་ཕྱག་བཏབ་ནས་དཔལ་ལྡན་གསང་ཕུ་བ་ལ་གྲགས་པའི་ཕྱག་བཞེས་ཀྱི་རྒྱུན་དང་རང་ལུགས་ས་སྐྱ་པའི་བཞེད་གཞུང་གི་རྒྱུན་འཛིན་པའི་ས་རྔོག་བཟུང་འབྲེལ་གྱི་གསང་ཕུ་མཐོང་སྨོན་གྲྭ་ཚང་གི་དགོན་སྡེ་གལ་ཆེན་ཞིག་ཏུ་གྱུར་པ་བཅས་སོ། ། |