80937
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པས་ཀུན་ནས་བསླང་བའི་འཁོར་བ་འཕེན་བྱེད་ཀྱི་གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་བག་ཆགས་བགོ་གཞིར་གྱུར་བའི་གཙོ་བོའི་སེམས་ཞིག་ལ་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་འདུ་བྱེད་ཀྱིས་ཀུན་ནས་བསླང་བའི་གཙོ་བོ་སེམས་དེ་དེའི་མཚན་ཉིད། དེ་ལ་དབྱེ་ན་གཉིས་སུ་ཡོད་དེ། ལས་བསགས་དུས་ཀྱི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རྣམ་ཤེས་ལྟ་བུ་རྒྱུ་དུས་ཀྱི་རྣམ་ཤེས་དང། སྐྱེ་གནས་སུ་ཉིང་མཚམས་སྦྱོར་མ་ཐག་པའི་སྐབས་ཀྱི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རྣམ་ཤེས་ལྟ་བུ་འབྲས་དུས་ཀྱི་རྣམ་ཤེས་དང་གཉིས་ཡོད་པའི་ཕྱིར། ཞེས་གསུངས་སོ། ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་གསུམ་པ་གང་ཞིག ཡང་སྲིད་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་སྒོ་གཞིར་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་གྱི་མཚན་ཉིན་ཡིན། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་དུ་གྱུར་པའི་གསུམ་པ་རྒྱུ་དུས་རྣམ་ཤེས་ཀྱི་རྟེན་འབྲེལ་དང། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་དུ་གྱུར་པའི་གསུམ་པ་འབྲས་བུའི་རྣམ་ཤེས་ཀྱི་རྟེན་འབྲེལ་གཉིས་ཡོད། |
| Domain | ཆོས་ལུགས། |