8129

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་བསྐལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གནས་བསྐལ་བཤད་དུ་ཡོད་དེ། ཚེ་ལོ་དཔག་མེད་ཐུབ་པ་ནས་མར་བྲི་སྟེ་བརྒྱད་ཁྲི་བར་སླེབས། བརྒྱད་ཁྲི་པ་ནས་བཟུང་སྟེ་ཚེ་ལོ་བཅུ་པ་སྐད་ཅིག་ཐ་མ་ལ་ཐུག་གི་བར་ལ་བར་བསྐལ་གཅིག་ཡོད་ཅིང། འདི་ལ་ཡས་ཀྱི་ཡ་ཐོག་རིང་མོ་ཟེར། དེ་ནས་ཡར་བརྒྱད་ཁྲིའི་བར་དུ་འཕེལ་ཞིང་ཡང་བརྒྱད་ཁྲི་ནས་བཅུ་པའི་མཐའ་མའི་བར་བྲིའོ། །དེའི་བར་ལ་བར་བསྐལ་གཅིག་ཡོད་ཅིང་། དེ་ནི་ཁུག་པ་དང་པོའོ། དེ་ལྟ་བུའི་ཁུག་པ་བཅོ་བརྒྱད་ལ་བར་གྱི་ཁུག་པ་བཅོ་བརྒྱད་ཟེར། དེ་རྗེས་ཚེ་ལོ་བཅུ་པའི་ཐ་མ་ནས་བརྒྱད་ཁྲིའི་བར་ཡར་སྐྱེ་ལ། དེ་ལ་མས་ཀྱི་མ་ཐོག་རིང་མོ་ཟེར། དེ་ལ་བར་བསྐལ་གཅིག་ཡོད་ཅིང་དེ་ལྟ་བུའི་བར་བསྐལ་ཉི་ཤུ་པོ་གནས་བསྐལ་ཡིན་པའི་ཕྱིར། དེས་ན་ཆགས་བསྐལ་གནས་བསྐལ་འཇིག་བསྐལ་ཞིག་ནས་འདུག་པའམ་སྟོང་བསྐལ་རྣམས་ཡུན་ཚད་མཉམ་སྟེ། དེ་རྣམས་ལ་བར་བསྐལ་ཉི་ཤུ་ཡོད་པར་འདྲ་བའི་ཕྱིར། ཁོ་ན་རེ། ཡ་ཐོག་མ་ཐོག་གི་རྐྱང་པ་དང་། བར་གྱི་ཁུག་པ་རེ་ཡུན་རིང་ཐུང་མཉམ་པ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། ཐོག་མཐའ་གཉིས་དལ་བུས་འགྲོ་ཞིང་ཁུག་པ་རྣམས་མགྱོགས་པར་འགྲོ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། བར་གྱི་བསྐལ་བ་གཞན་རྣམས་ཀྱི་ཡར་སྐྱེ་བ་དང་མར་འགྲིབ་པའི་དུས་ཇི་སྲིད་བར་བར་གྱི་བསྐལ་བ་དང་པོའི་མར་འགྲིབ་པ་དང་ཐ་མའི་ཡར་སྐྱེའི་དུས་ཀྱང་དེ་སྲིད་པས་ཐམས་ཅད་དུས་མཉམ་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། གང་སྤེལ་ལས་ཀྱང་། ཇི་ལྟར་ཡར་སྐྱེ་བ་འདི་ནི་འབྲི་བའི་རང་བཞིན་བསྐལ་པ་རྣམས་དང་དུས་མཉམ་པར་འགྱུར་ཞེ་ན། མགྱོགས་པ་དང་མགྱོགས་པ་མ་ཡིན་པར་འགྲོ་བའི་ཁྱད་པར་ལས་ཏེ། འདིར་མཐའི་སྐད་ཅིག་མ་གཉིས་ནི་དལ་གྱིས་འགྲོ་ལ་བར་མ་བཅོ་བརྒྱད་ནི་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་པར་འགྱུར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གནས་བསྐལ་

|; |@@@ | | }}