81729

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བ་རིག་པ་ལས་འཁྲུལ་པས་ལྡོག་ཚུལ་སེམས་ཀྱི་ངོ་སྤྲོད་གཏན་ལ་དབབ་པ་གསུམ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གསུམ་པ་སྤྱོད་པའི་རིམ་པ་ལས་བྱུང་བ་སྟེ། ༡ ཕྱི་ཡུལ་གྱི་གནད་ཀྱིས་ནང་སེམས་གཏན་ལ་དབབ་པ་ནི། སྣང་ཡུལ་འཁྲུལ་པ་སྣང་འཛིན་རང་སེམས་སྟོང་། །ཕྱི་སྣང་བ་སྣ་ཚོགས་དཀར་དམར་གྱི་སྣང་བ་སྣོད་བཅུད་འབྱུང་བ་ལྔས་བསྡུས་ཀྱི་ཀློང་ན་གསལ་བ་འདི་དག རང་སེམས་འཁྲུལ་བའི་ངོ་ལ་སྣང་བ་མ་གཏོགས་པ་ཕྱི་དོན་གྱི་དངོས་པོ་དང་། ནང་སེམས་ཀྱི་དངོས་པོ་གཉིས་ཀར་མ་གྲུབ་པས། གཞི་མེད་སྟོང་པའི་ཆོ་འཕྲུལ་མེད་པ་གསལ་སྣང་གི་རང་བཞིན་རབ་རིབ་ཅན་གྱི་སྐྲ་ཤད་དང་རྨི་ལམ་སྒྱུ་མའི་སྣང་བ་དང་འདྲ་བར་ཤེས་པར་བྱ་སྟེ། ཀློང་དྲུག་པ་ལས། སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་བཞིན། །ཞེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་དུ་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་མི་འཇིག་པའང་གསུངས། ། ༢ ནང་སེམས་ཀྱིས་གསང་བ་དབྱིངས་གཏན་ལ་དབབ་པ་ནི། སེམས་ལ་བརྟགས་པས་ཆོས་དབྱིངས་དྲི་མེད་རྟོགས། །སེམས་ལ་བརྟགས་པས་ངོ་བོ་ངོས་གཟུང་མེད་དུས། བེམ་པོ་ལྟ་བུར་སོང་བ་མེད་དེ། ཕྱལ་ཕྱལ་བ་ལ་ས་ལེ་བ་ངོས་གཟུང་དུ་མེད་པས་བརྗོད་མ་ཤེས་ཀྱང་། རང་གསལ་སྟོང་པ་མདངས་ཀྱི་ངང་དབྱིངས་ཀ་དག་དྲི་མ་མེད་པར་འཆར་བ་ཆོས་ཟད་ནང་གི་ཆོས་དབྱིངས་སུ་ངོ་སྤྲད་པས། མཐའ་བྲལ་དྲི་མ་མེད་པའི་རྟོགས་པ་ཁོང་ནས་འཆར་ཏེ། དེའི་ངང་ལ་གོམས་པས་འོད་གསལ་དབྱིངས་སྣང་གི་སྣང་བའང་ཞར་ལ་མཐོང་བ་ཉིད། ངོ་སྤྲོད་སྤྲས་པ་ལས། ཡེ་ནས་མེད་པའི་སྟོང་པ་ཡིས། །འབྱུང་བ་རང་ཟད་འོད་སྣང་ཟེར། །བྱ་བྱེད་བྲལ་བའི་སྟོང་པ་ཡིས། །སྐུ་གསུམ་མཚོན་པའི་འོད་སྣང་རྙེད། ། ༣ གསང་བ་དབྱིངས་ཀྱི་གནད་ཀྱིས་བླ་ན་མེད་པ་རིག་པ་ཉིད་གཏན་ལ་དབབ་པ་ནི། སྟོང་ཆད་མ་ཡིན་ས་ལེ་རང་རིག་ཉིད། །སེམས་དབྱིངས་སུ་དག་པའི་སྟོང་པ་དེ་ཡང་སྟོང་ཆད་ཅང་མེད་པོ་མ་ཡིན་པར། ས་ལེ་བ་ལ་ཧྲེག་གེ་བ། རང་མདངས་རང་གསལ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཆོས་སྐུ་དྲི་མ་དང་བྲལ་བར་ངོ་སྤྲད་པས། རིག་པའི་ཆ་ནས་ཆད་པར་མ་སོང་། དངོས་པོ་མེད་པས་རྟག་པར་མ་སོང་། གང་དུའང་བརྗོད་དུ་མེད་པས་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཐག་ཆོད་པའི་ངང་ལ་བཞག་པས། རིག་པའི་རང་མདངས་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་རང་སྣང་བ་ནི། ངོ་སྤྲོད་སྤྲས་པ་ལས། གཞི་ལ་གནས་པའི་རིག་པ་ཡིས། །ཆོས་ཉིད་འདུས་པའི་དབྱིངས་དང་ཕྲད། །མཚན་ཉིད་འཛིན་པའི་རིག་པ་ཡིས། །རྣམ་པར་དག་པ་དབྱིངས་དང་ཕྲད། །ལུ་གུ་རྒྱུད་ཀྱི་རིག་པ་ཡིས། །རང་བཞིན་འོད་ཀྱི་དབྱིངས་དང་ཕྲད། །
Domain ཆོས་ལུགས།

{{#arraymap:རྩ་བ་རིག་པ་ལས་འཁྲུལ་པས་ལྡོག་ཚུལ་སེམས་ཀྱི་ངོ་སྤྲོད་གཏན་ལ་དབབ་པ་གསུམ་

|; |@@@ | | }}