82142
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐར་རྩིས་ཀྱི་གཞུང་ཞིག་སྟེ། མཚན་རྒྱས་པ་ནི། དཔལ་གསང་ཆེན་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་དོན་དག་པ་གྲུབ་མཐའི་རྩིས་ཐུབ་བསྟན་མཛེས་པའི་རྒྱན། ཞེས་གསོལ། རྔ་བན་རྩིས་གསར་ཞེས་ཀྱང་གྲགས། མཛད་པ་པོ་ཇོ་ནང་ཀུན་དགའ་ཆོས་དབྱིངས་རྒྱ་མཚོ་སྟེ། ཁོང་གིས་ཅི་ལྟར་མཛད་པའི་ཚུལ་ནི། གཞུང་དེའི་མཇུག་ཏུ། རང་གིས་གང་མཐོང་གི་ཉི་ཟླ་གཟའ་འཛིན་ནམ་བྱུང་ཚེ་ནའང་དཀའ་ཚེགས་ལ་མ་འཛེམ་པར་རི་བོ་གང་མཐོའི་རྩེར་སོང་ནས་བལྟས་པས། དགོང་མོར་ཟླ་བ་བཟུང་ལྷག་གྲོལ་ཡུན་སོགས་གླིང་མཐོང་བ་དང་། ཐོ་རེངས་ཁར་བཟུང་ནས་ནུབ་སོང་བ་དང་། ཉི་འཛིན་ཀྱང་བཟུང་ལྷག་ནམ་ལངས་ནས་མཐོང་བ་དང་། བཟུང་འཕྲོ་དགོང་མོར་ནུབ་སོང་བ་སོགས་རྟོག་ཞིབ་ཏུ་བཅུག་བཞིན་པའི་ངང་ནས་ལོ་ངོ་སོ་གཉིས་ཀྱི་མྱོང་བྱང་སོ་སོ་ལ་དཔྱད་དེ་བསྡུས་རྒྱུད་དང་འགྲེལ་ཆེན་ལ་ཡང་དང་ཡང་དུ་དཔྱད་རྩིས་ལེགས་པར་ཞིབ་ཏུ་བརྟགས་པས་དགུན་ཉི་ལྡོག་ཚད་ཀྱི་ཉི་ལོངས་བཏན་ལ་ཕབ། དེས་ཀྱང་ཉིན་ཚད་མཚན་ཚད་རྟོགས། དེས་ཚེས་མཚམས་གཟའ་འཛིན་དང་འགྲིག་མ་འགྲིག་གི་ཚོད་ཤེས་ཀྱང་། མུ་སྟེགས་ལུགས་བྱེད་རྩིས་ཀྱི་རིལ་པོའི་ཆ་ཤས་ཀྱི་དཀྱིལ་འཁོར་གྱི་གྲངས་འཕྱུག་པས་གཟའ་འཛིན་གྱི་དུས་ཚོད་ངེས་ཅན་མ་རྙེད་པས་སྔར་དེ་ཙམ་ཞིག་འབད་ཀྱང་ངལ་བ་འབྲས་མེད་དུ་སོང་། ཞེས་དང་། གྲུབ་མཐའ་རྣམ་པར་དག་པའི་ཁྱད་ཆོས་ཚེས་འཕོའི་ངེས་གསང་རིལ་པོའི་ཆ་ཤས་ཀྱི་དཀྱིལ་གྲངས་བརྒྱ་ཞེ་བདུན་པའི་རི་མོ་དག་པས་རང་གིས་གང་མཐོང་བའི་གཟའ་འཛིན་གང་བྱུང་དག་གི་རི་མོའི་མྱོང་བྱང་རང་གི་མིག་ཡིད་ཚད་མར་གྱུར་པའི་ཚེས་མཚམས་ཀུན་ལ་འབྲི་བསྣན་ཞུས་པས་ཡིད་ཆེས་རྙེད་པས་ཤུགས་ལས་ཉི་ཟླ་གཟའ་དང་འགྲོགས་ཡུན་གྱི་ངེས་པ་བགྲོད་མཐར་ཉུང་ཁྱད་ཀྱི་རེའུ་མིག་ཀྱང་བགྱིས་ཏེ་རྩིས་གཞུང་སྐབས་སུ་བཅུག་སྟེ། ཞེས་གསུངས། མཛད་པའི་དགོས་པ་ནི། དེ་ཉིད་ལས། མཚུར་ལུགས་དང་དེའི་རྗེས་འབྲང་འབྲུག་པ་བ་དང་དཔལ་སྤུངས་པའི་རྩིས་གཞུང་། ཕུག་ལུགས་དང་དེའི་རྗེས་འབྲང་བཻ་དཀར་དང་སྨིན་གླིང་བའི་རྩིས་གཞུང་། སུམ་བྷ་བ་དང་། ཐོའུ་ཀྭན་པ་དང་། ཀོ་ཤྲཱི་བའི་རྩིས་གཞུང་སོགས་ལ་ལེགས་པར་སྦྱངས་ཏེ་ཞིབ་ཏུ་དཔྱད་པས་གཟོད་རྩིས་འཕྲོ་སྐྱོན་ཅན་དུ་སྣང་ཞིང་། ཉི་ཟླ་གཟའ་འཛིན་གྱི་སྐབས་དག་ཏུའང་དུས་ཚོད་ཆ་སོགས་རི་མོ་ཤར་བ་ལས་ངེས་པ་གཞན་དུ་གྱུར་པས། ཞེས་གསུངས། ཁོང་རང་གིས་རང་གཞུང་དེར་ཐ་མའི་དག་ཐེར་གྱིས་མཇུག་རྫོགས་པར་བྱས་པའི་ལོ་ནི། ཁོང་དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ཤིང་མོ་ལུག་སྟེ། ཕྱི་ལོ་༡༨༣༥་པའི་ལོ་ཡིན་ལ། གཞུང་དེ་ཉིད་ལས། ཀུན་འཛིན་ཞེས་པ་ས་ཕོ་བྱི་བ་ནས་རང་ལོ་རེ་བརྒྱད་པ་མྱོས་བྱེད་ཅེས་པ་ཤིང་མོ་ལུག་ལོའི་ཧོར་ཟླ་དང་པོའི་ཉེར་ལྔའི་མནལ་ལམ་དུ་རྗེ་བཙུན་མའི་བཀའ་དྲིན་ལས་ཐེ་ཚོམ་ཀུན་ལེགས་པར་ཆོད་དེ་མཇུག་གྲུབ་པར་བགྱིས། ཞེས་གསུངས། |