82224
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་པའི་གདན་རབ་ཉེར་གཉིས་པ། ཤིང་གླང་ཕྱི་ལོ་ ༡༦༢༥ ལོར་ཕོད་མདོ་རྗོང་དུ་ཡབ་གྭ་ཟི་དགེ་ལེགས་རྒྱ་མཚོ་དང་། ཡུམ་སྐྱུ་ར་བཟའ་ཕུན་ཚོགས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྗེ་བཀྲིས་དཔལ་གྲུབ་ཀྱི་དྲུང་ནས་རང་ལུགས་ཀྱི་ཟབ་ཆོས་ཀུན་གསན་པར་མཛད། ཕྱི་ལོ་ ༡༦༣༨ ལོར་རྗེ་བཀྲ་ཤིས་དཔལ་གྲུབ་ཀུན་སྤངས་མཛད་ཁར་སྟག་ལུང་པའི་གདན་སའི་ཁྲི་ལ་བཀོད། ལོ་གཉིས་ཀྱི་རྗེས་སུ་སྡོམ་པ་སྐྱུར་བས་ཁྲི་ཟུར་རིན་པོ་ཆེ་བཀྲ་ཤིས་དཔལ་ནས་བཀའ་སྐྱོན་དང་བཅས་ཁྲི་ལས་ཕབས། སྐབས་དེར་གུ་ཤྲི་ཧན་གྱི་བཻ་རིའི་དཔུང་འཇོམས་འཇགས་སུ་བཏང་བས། རྗེ་དྲུང་གྲགས་པ་རྒྱལ་མཚན་རི་བོ་ཆེར་ཕེབས་བདེ་བྱུང་ཡང་ལམ་བར་སྐུ་གཤེགས་ཤིང་རི་བོ་ཆེར་གདན་ས་བ་མེད་སྟབས། བཀྲ་ཤིས་དཔལ་གྲུབ་གདན་དྲངས་ཀྱང་ཕེབས་བདེ་མ་བྱུང་བས་ཚབ་ཏུ་ཞབས་དྲུང་འདི་བ་རི་བོ་ཆེ་བཏང་བར་མཛད། རི་ཆེ་ནས་གདན་ས་བ་བསྐོས་ཏེ་ལོ་བཞི་ཙམ་ཁྲི་ལ་བཞུགས། ཁོང་རེས་འགའ་ཆོས་གོས་རྣམ་གསུམ་གསོལ་བ་དང་། རེས་སྤག་ཚགས་དང་ཕྱུ་ཆེན་བཞེས་ནས་ལྕམ་མོ་འགའ་ཡང་ཁྲིད་ཡོང་བ་སོགས། ཕྱི་ཚུལ་དུ་མི་མཛེས་པས་དགྱེས་རྡོར་ཁང་གི་གྲྭ་མང་ནས་ས་ཕྱོགས་གཞན་དུ་འབྱོན་པ་ཞུ་པ་ཕུལ་ཀྱང་མ་གསན་པས་གྲྭ་མང་ནས་རྡོ་འདེད་བྱས་ནས་ཕུད་སྐབས་གྲི་ལ་མདུད་པ་བརྒྱབས་ཏེ་རྫུ་འཕྲུལ་བསྟན་པར་གྲགས། གཤམ་ཁྱིམ་དུ་གཟིམས་ཁང་རྒྱབ་ནས་བཞུགས་ཤིང་རི་དྭག་བསད་པ་གསོ་བ་སོགས་གྲུབ་ཐོབ་ཀྱི་སྤྱོད་ཚུལ་མང་ཞིང་སྤྲུལ་བསྒྱུར་ལ་མངའ་བརྙེས་པར་གྲགས། དེ་ནས་རྗེ་བཀྲ་ཤིས་དཔལ་གྲུབ་ཕེབས་ནས་སྡེ་པ་རིན་ཆེན་རྒྱལ་མཚན་གྱི་སྲས་རྗེ་དྲུང་གྲགས་པ་ལེགས་གྲུབ་ཡང་དགོན་དུ་བཞགས་ཤིང་ཆོས་རྗེའི་འཛིན་སྐྱོང་གནང་རྒྱུ་དང་། རྩེ་ཞབས་ཟུར་དུ་ཐོབ་སྐལ་གནང་སྟེ་བཞུགས་སུ་བཅུག་མོད། རྩེ་ཞབས་དང་ཕྱག་མཛོད་དབུ་མ་པས་གཞུང་ལ་བདེ་སྡུག་ཞུས་ནས་གཞུང་ནས་སྐུ་ཚབ་བཏང་ཏེ། སྟག་ལུང་སྡེ་པའི་བབས་ཐོབ་གང་ཡོད་དང་རི་ཆེ་སྟག་ལུང་གྲྭ་ཚང་ཡང་རྩེའི་ཁོངས་སུ་གནང་བ་ནས་བཟུང་རྩེ་བླ་བྲང་ངམ་རྩེ་ཞབས་དྲུང་བླ་བྲང་ཞེས་པ་འདི་བྱུང་། རབ་བྱུང་བཅུག་གཅིག་པའི་མེ་ལུག་ཕྱི་ལོ་ ༡༦༦༧ ལོར་རྩེ་ཕོ་བྲང་བཀྲ་ཤིས་རབ་བརྟན་རྨང་གཞི་བཏབ་ནས་གྲྭ་ཚང་ལས་བླ་བྲང་ཟུར་དུ་གྱེས། རོང་པོ་དཔོན་ཚང་གི་སྲས་མོ་ཕུན་ཚོགས་དབྱངས་འཛོམས་ཁབ་ཏུ་བཞེས་པར་སྲས་བཀྲ་ཤིས་ཆོས་ཀྱང་འཁྲུངས། རྒྱལ་དབང་ལྔ་པས་གཟིགས་བཟོས་ཆེན་པོས་ཤེར་བམ་ཆེན་པོའི་ལས་ཐམ་དང་། ཆོས་གླིང་རྨོ་གདོང་གླེ་གསུམ་གྱི་དགོན་སྡེ་ས་རིས་བཅས་པའང་གནང་བར་བྱུང་ཚུལ་འཁོད་མོད། རྩེ་ཀླུ་ལྡིང་སྤྲོ་ཁང་དུ་སྐུ་གཤེགས་ཚུལ་ཙམ་ལས་འདས་ལོ་ཁ་གསལ་ཞིག་མ་རྙེད་དོ།། |