82245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་སྤྲུལ་ཐུབ་བསྟན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་སོ་གསུམ་པ། རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་སྤྲེལ་ཕྱི་ལོ་ ༡༩༤༤ ལོར་བྱང་གནམ་རུ་ཞེས་པའི་ས་ཆར་འཇང་རུ་དཔོན་ཚང་དུ་ཡབ་གཡུ་ལྷ་དང་ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྟགས་ཐབས་དུ་མའི་སྒོ་ནས་རྩེ་སྤྲུལ་ངག་དབང་དཔལ་ལྡན་གྱི་ཡང་སྲིད་འཁྲུལ་བྲལ་ངེས་པ་རྙེད་ནས་སྟག་ལུང་དུ་གདན་དྲངས་ཏེ། ཞབས་དྲུང་ཐུབ་བསྟན་བྱང་ཆུབ་ཆོས་ཀྱི་ཉི་མའི་དྲུང་ནས་རབ་ཏུ་བྱུང་བའི་མཚན་ལ་ངག་དབང་ཐུབ་བསྟན་རྒྱལ་མཚན་ཞེས་གསོལ། ཡོངས་འཛིན་དཔལ་ལྡན་ཚུལ་ཁྲིམས་ཀྱི་དྲུང་ནས་རང་ལུགས་ཀྱི་ཆོས་སྐོར་གསན་མུས་སྐབས། དུས་འགྱུར་བྱུང་སྟེ་དགུང་གྲངས་བཅུ་དྲུག་སྟེང་བཙོན་དུ་ཚུད། ཕྱི་ལོ་ ༡༩༧༩ ལོར་བླ་སྤྲུལ་སྤྱི་ཡོངས་ལྟར་གློད་གྲོལ་ཐོབ། བོད་ལྗོངས་ནང་བསྟན་མཐུན་ཚོགས་སུ་དྲུང་གཞོན་དང་ཕྱིས་སུ་དྲུང་ཆེ་སོགས་ཀྱི་མཚན་གནས་སྤྲད། སྤྱི་ལོ་༡༩༨༥་ལོ་ནས་བཟུང་། རྩ་གཏོར་ཐེབས་པའི་སྟག་ལུང་དགོན་པ་དེ་ཉིད་བསྐྱར་བཞེངས་དབུ་འཛུགས་ཀྱིས། རིམ་བཞིན་དར་རྒྱས་ཁང་གསར་དང་བཀྲ་ཤིས་ཁང་གསར། འཇག་སྤྱིལ་དང་མཆོད་རྙིང་སོགས་གཙུག་ལག་ཁང་དང་། ཐོག་བརྩེགས་གསུམ་ཅན་གྱི་བཅོམ་ལྡན་མི་འཁྲུགས་མགོན་པོ་དང་རྗེ་བཙུན་བྱམས་མགོན་གྱི་སྣང་བརྙན། སྟོན་པ་ཐུབ་པའི་དབང་པོ་གསེར་སྐུ་ཉིས་ཐོག་ཅན། ཐོག་བརྩེགས་གཅིག་ཙམ་གྱི་རྒྱུ་དངུལ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་ཆེན་མོ་ནང་རྟེན་དུ་ཆོས་འཕགས་ཀྱི་ཚེམས་དང་བདག་མེད་མའི་བླ་གཡུ་ཅན། བཀའ་བརྒྱུད་གསེར་ཕྲེང་རིམ་བྱོན་གྱི་སྣང་བརྙན་སོགས་བཞེངས་སྐྲུན་རྒྱ་ཆེར་གནང་། ཕྱི་ལོ་ ༡༩༨༥ལོར་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསན། རྒྱལ་བ་བཅུ་བཞི་པ་མཆོག་གིས་བཀའ་སྩལ་ལྟར་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་གྱི་དྲུང་ནས་བསྙེན་པར་རྫོགས་པའི་མཚན་ལ་ངག་དབང་བློ་བཟང་བསྟན་འཛིན་རྒྱལ་མཚན་དཔལ་བཟང་པོ་ཞེས་སྩལ། ཕྱི་ལོ་ ༡༩༨༧ ལོར་དབེན་གསན་སེ་གླིང་དུ་སྒྲུབ་དང་། ཕྱི་ལོ་༢༠༠༣་ལོར་གདན་ས་སྟག་ལུང་དུ་བཤད་གྲྭ་གསར་དུ་བཙུགས། ཕྱི་ལོ་ ༡༩༩༦ ལོར་སྟག་ལུང་པའི་གདན་སའི་ཁྲི་ལ་བཞུགས་ཤིང་ཚོགས་པ་བསྐྱངས། གྲུབ་དབང་འཇམ་དབྱངས་ཆོས་གྲགས་ཀྱི་དྲུང་དུ་ཕྱག་རྫོགས་ཀྱི་གདམ་པ་ཟབ་མོ་རྣམས་གསན་བཞེས་ཀྱིས་དབེན་གནས་སེ་གླིང་རི་ཁྲོད་དུ་ཐུགས་དམ་ཉམས་ལེན་མཛད། གཞན་ཡང་དམ་པ་གོང་མའི་ཉམས་བཞེས་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་སླར་གསོ་བརྒྱུད་འཛིན་དང་། དབང་ལུང་མན་ངག་འཆད་སྤེལ་འཚོལ་སྡུད་རྒྱ་ཆེར་གནང་ཞིང་། བསྟན་པའི་མེ་རོ་གསོ་བར་མཛད་མུས་ལ་ཕྱི་ལོ་ ༢༠༠༦ སྐུ་གཤེགས། འོད་གསལ་ཆོས་ཀྱི་དབྱིངས་ལ་ཐུགས་དམ་གཡོ་མེད་དུ་བཞུགས་ནས་ཞགས་བདུན་གསུམ་ཉེར་གཅིག་སོང་ཡང་། ད་དུང་ཐུགས་དམ་མ་གྲོལ་སྟབས་གྲྭ་པ་རྒན་པ་ཁ་ཤས་ཀྱིས་ཡང་སྲིད་བྱོན་པར་གནོད་ཅེས་བཤད་དེ་ཐུགས་དམ་དཀྲོགས་པ་སོགས་ངོ་མཚར་བ་དུ་མ་བྱུང་ངོ་།། །།