8226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་སྐབས་ཀྱི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་ཆུབ་སེམས་དཔས་ལམ་སྒོམ་པའི་ཚེ་ཡོན་ཏན་གོང་དུ་འཕེལ་བའི་སྟོབས་ཀྱིས་སྐབས་སྐབས་སུ་མངོན་དུ་བྱེད་པའི་མངོན་རྟོགས་རྣམས་ལ་གནས་སྐབས་ཀྱི་སྦྱོར་བ་ཞེས་འཇོག དེ་ལ་དབྱེ་ན་བཅོ་ལྔ་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རང་བཞིན་གྱི་སྦྱོར་བ་ལྔ་པོ་དེ་ལ་གནས་སྐབས་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཕྱེ་བས་བཅོ་ལྔ་འགྱུར་བའི་ཕྱིར་ཏེ། སྦྱོར་བ་སྒོམ་པ་པོའི་གང་ཟག་གི་སྒོ་ནས་ཕྱེ་བ་བརྒྱད། སྦྱོར་བ་རྫོགས་པའི་ཐབས་ཀྱི་སྒོ་ནས་ཕྱེ་བ་བཞི། འབྲས་བུའི་སྒོ་ནས་ཕྱེ་བ་གཉིས། དུས་ཀྱི་སྒོ་ནས་ཕྱེ་བ་གཅིག་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རང་བཞིན་གྱི་སྦྱོར་བ་ལྔ་པོ་དེ་ཚོགས་ལམ་ན་ཡོད་པའི་དབང་དུ་བྱས་ནས་ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ། སྦྱོར་ལམ་ན་ཡོད་པའི་དབང་དུ་བྱས་ནས་དྲོད་སོགས་བཞི་ལ་རིམ་པ་ལྟར་ལུང་བསྟན་པའི་སྦྱོར་བ། ཕྱིར་མི་ལྡོག་པའི་སྦྱོར་བ། ངེས་པར་འབྱུང་བའི་སྦྱོར་བ། བར་ཆད་མེད་པའི་སྦྱོར་བ་བཞི་བཞག་པ་དང། ས་དང་པོ་ནས་དྲུག་པའི་བར་ན་ཡོད་པའི་དབང་དུ་བྱས་ནས་བྱང་ཆུབ་ལ་ཉེ་བའི་སྦྱོར་བ། ས་བདུན་པ་ན་ཡོད་པའི་དབང་དུ་བྱས་ནས་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ། ས་བརྒྱད་པ་ན་ཡོད་པའི་དབང་དུ་བྱས་ནས་གཞན་དོན་གྱི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ས་བརྒྱད་པ་ཡན་ཆད་དུ་སྦྱོར་བ་རྫོགས་པའི་ཐབས་གཞན་དོན་འཕེལ་མེད་འགྲིབ་མེད་ཀྱི་སྦྱོར་བ། ཆོས་དང་ཆོས་མ་ཡིན་པ་སོགས་མི་མཐོང་བའི་སྦྱོར་བ། གཟུགས་སོགས་བསམ་གྱིས་མི་ཁྱབ་པའི་སྦྱོར་བ། གཟུགས་དང་དེའི་མཚན་མ་དང་དེའི་ངོ་བོ་ཉིད་དུ་རྣམ་པར་མི་རྟོག་པའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། ས་དགུ་པ་ན་ཡོད་པའི་དབང་དུ་བྱས་ནས་ཡོན་ཏན་ཐོབ་པ་འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ། ས་བཅུ་པ་ན་ཡོད་པའི་དབང་དུ་བྱས་ནས་སྤང་བྱ་སེལ་བ་རྣམ་པར་དག་པའི་སྦྱོར་བ་གཉིས་ཡོད་པའི་ཕྱིར། བཞི་པ་གྲུབ་སྟེ། ས་བཅུ་པར་བརྩོན་འགྲུས་མཆོག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔས་ལོ་ཟླ་སོགས་དུས་ཚིགས་བཅད་ནས་ཡུམ་བསྒོམ་པའི་ས་མཚམས་ཀྱི་སྦྱོར་བ་གཅིག་ཡོད་པའི་ཕྱིར། དང་པོ་ལྔ་ལ། རང་བཞིན་གྱི་སྦྱོར་བ་ཞེས་འཇོག་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ཀུན་ལ་ཁྱབ་པའི་སྟོང་ཉིད་རྟོགས་པའི་སྦྱོར་བ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། ཕྱི་མ་བཅོ་ལྔ་ལ་གནས་སྐབས་ཀྱི་སྦྱོར་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གནས་སྐབས་ཚོགས་ལམ་ནས་རྒྱུན་མཐའི་བར་ཅི་རིགས་ལ་བཞག་པའི་སྦྱོར་བ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།