82315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩོད་པ་བྱ་བའི་གཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འཁྲུག་ལོངས་དང་རྩོད་པ་མིང་གི་རྣམ་གྲངས་ཡིན་ཞིང། རྩོད་པའི་ངོ་བོ་ནི་ཕན་ཚུན་མཐུན་པ་སྨྲས་པའི་ཚིག་གི་རྗེས་སུ་སེམས་གཞོལ་བ་ལས་བྱུང་བའི་ལུས་ངག་གི་ལས་སོ། །རྩོད་པའི་རྒྱུ་ལ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་དང། གདམ་ངག་གི་ལུང་མི་འབོགས་པར་བཞག་པ་དང། གླེང་བར་བྱ་བའི་ལྟུང་བ་དང་བཅས་པ་དང། ལས་ལ་མཐུན་པ་མི་སྦྱིན་པ་དང་བཞི་ཡོད་ཅིང། དེའི་དབང་གིས་འབྲས་བུ་རྩོད་པ་ལ་ཡང་བཞི་ཡོད་དེ། འགྱེད་ཕྱིར་གྱི་རྩོད་པ། མི་གདམ་པའི་ཕྱིར་གྱི་རྩོད་པ། ལྟུང་ཕྱིར་གྱི་རྩོད་པ། བྱ་ཕྱིར་གྱི་རྩོད་པ་དང་བཞི་ཡོད་དོ། །ཇི་སྐད་དུ། འཁྲུག་ལོང་གི་རྒྱུ་བཞིའོ། །དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་དང། སྤོ་བ་དང། ལྟུང་བ་དང་བཅས་པ་ཉིད་དང། ལས་ལ་མཐུན་པ་མི་སྦྱིན་པའོ། །ཞེས་སོ། །རྩོད་པ་དང་པོ་དེ་ལ་རྣམ་པ་གཏན་ལ་འབེབས་པའི་རྩོད་པ་ཞེས་བྱ་སྟེ། དངོས་པོའི་དེ་བཞིན་ཉིད་ཅེས་བྱ་བ་དངོས་པོའི་ངོ་བོ་ཡིན་ཞིང། དེ་ལས་རྩམ་སྟེ། འདི་ནི་ཆོས་དང་འདུལ་བ་ཡིན་ནོ། །འདི་ལ་གཞན་ནི་ཆོས་མ་ཡིན་ཞིང་འདུལ་བ་མ་ཡིན་ནོ། །ཞེས་རྒོལ་ཕྱིར་རྒོལ་ཡིན་མིན་གྱི་མཐའ་སོ་སོར་བཟུང་ནས་ཆོད་པའོ། །མདོ་རྩར་། འདི་ནི་ཆོས་རྣམ་པར་གཏན་ལ་དབབ་པ་སྲིད་ཀྱི། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལ་མི་སྲིད་དོ། །ཞེས་དང། དེའི་འགྲེལ་པར། ཆོས་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བ་ནི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་བསལ་བ་སྟེ། ཞེས་གསུངས་པས་རྩོད་པ་དང་པོ་འདི་ཆོས་གཏན་ལ་འབེབས་པའི་རྩོད་པར་བྱ་རིགས་པའི་ཕྱིར་དང། ལྟུང་བཅས་ལྟུང་མེད་སོགས་ཀྱི་རྩོད་པ་ནི་ཚུལ་ཁྲིམས་རྣམ་པར་གཏན་ལ་འབེབས་པའི་རྩོད་པ་ཡིན་ཞིང་། ལྟུང་ཕྱིར་གྱི་རྩོད་པར་འདུས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།