82509
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ས་འབྲུག་ཕྱི་ལོ་༡༨༠༨ ལོར་ཁམས་བྱང་འབྲོག་དགེ་རྩེ་རྫ་ཆུ་ཁར་འཁྲུངས། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང༌། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ། ཆུང་དུས་ནས་ཡི་གེ་འབྲི་ཀློག་རྣམས་མཁྱེན། མཁན་ཆེན་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང༌། རྡོ་བླ་འཇིགས་མེད་སྐལ་བཟང་སོགས་ལས་ངལ་གསོ་སྐོར་གསུམ་དང༌། སྤྱོད་འཇུག་རྩ་རྒྱུད་གསང་བ་སྙིང་པོ་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དང༌། རིག་གནས་བཅས་གསན། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་སོགས་ལས་བཀའ་བསྟན་འགྱུར་རོ་ཅོག་དང༌། རྙིང་མའི་ཀུན་མཁྱེན་ཡབ་སྲས། ས་པཎ། རྗེ་ཙོང་ཁ་པ་སོགས་གསར་རྙིང་གི་ལེགས་བཤད། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད། རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་གསན། སྒོམ་སྒྲུབ་ལ་གཞོལ་བས་རྟོག་པ་ཚད་མེད་པ་འཁྲུངས། སུམ་ཅུའི་ནང་སློབ་ཚོགས་ལ་རྒྱུད་གསང་བ་སྙིང་པོའི་ལྗགས་ཁྲིད་གནང༌། གསེར་ཐང་དང་རྡོ་སྟོད་སྨད་ཀྱི་འདུས་སྡེ་ཡོངས་ལ་སྤྱོད་འཇུག་དང༌། མ་ཎི་བཀའ་འབུམ། བདེ་སྨོན་སོགས་ཀྱི་ཆོས་སྦྱིན་བསྩལ། རྐུན་ཇག་གི་རྒྱུན་བཅད། དམར་སྟོན་གྱི་སྲོལ་བསྣུབས། རྫ་རྒྱལ་དགོན་གྱི་ཉེ་སྐོར་དུ་ཆོས་འཁོར་གྱི་གདན་ས་མཛད། དཔལ་སྤྲུལ་རྡོ་འབུམ་ཞེས་སུ་གྲགས་པ་བཞེངས། སྐུ་ཚེ་ཧྲིལ་པོར་གནས་ངེས་མེད་དུ་ཕེབས། བྱ་བཏང་གི་མཛད་པ་སྤེལ་ཐོག ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་བསྐྱངས། ཁམས་སྟོད་སྨད་བར་གསུམ་དུ་སྤྱོད་འཇུག་དང༌། བྱམས་ཆོས། སྡོམ་གསུམ། ཡོན་ཏན་མཛོད་སོགས་ཀྱི་འཆད་ཉན་སྤེལ། ལྷག་པར་དུ་རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན་དང༌། ཀློང་ཆེན་སྙིང་ཐིག་གི་རྩ་རླུང་དང་ཁྲིད་སོགས་ཀྱི་ཆོས་རྒྱུན་ཉམས་པ་སོར་ཆུད་ཀྱི་མཛད། སྔ་འགྱུར་རྙིང་མའི་བཀའ་གཏེར་གྱི་ཆོས་སྒོ་སྤྱི་དང༌། ཡང་སྒོས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཟབ་ལམ་གདམས་པའི་བླ་བརྒྱུད་དུ་གྱུར། ས་དགེ་བཀའ་གསུམ་གྲུབ་མཐའ་རིས་མེད་ཀྱི་གཞུང་ལུགས་ལ་གསན་བསམ་མཛད། རྫ་དཔལ་སྤྲུལ་ཀྱི་སྙན་གྲགས་བོད་ཁམས་སུ་ཁྱབ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོས་གཙོས་པའི་གཞུང་ཆེན་ལྗགས་ཁྲིད་གནང་བས་སྤྱོད་འཇུག་བླ་མ་ཞེས་པའི་མཚན་སྙན་ཡང་ཐོགས། རབ་བྱུང་བཅོ་ལྔ་པའི་མེ་ཕག་ཕྱི་ལོ་༡༨༨༧ ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས། སློབ་མ་ནི་ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་དང༌། རྫོགས་ཆེན་ཐུབ་བསྟན་ཆོས་རྡོར། རྒྱལ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇུ་མི་ཕམ་རྣམ་རྒྱལ། ཨ་ལགས་མདོ་སྔགས་རྒྱ་མཚོ་སོགས་རྙིང་མའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་དང། སེར་ཤུལ་ལྟ་རམས་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར་སོགས་མང་དུ་བསྐྱངས། གསུམ་རྩོམ་དེ་དག་ནང་བྱམས་ཆོས་དང༌། སྤྱོད་འཇུག་ཡོན་ཏན་མཛོད་སོགས་ཀྱི་གཞུང་འགྲེལ་ས་བཅད་དང༌། གཏམ་པད་མའི་ཚལ་གྱི་ཟློས་གར་སོགས་གཏམ་ཚོགས་དང༌། ཞལ་གདམས། བསྟོད་ཚོགས་སོགས་པོད་བདུན་ཙམ་བཞུགས། མཚན་གཞན། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། |