82586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫས་གཅིག་ (1)
Part of speech མིང་ཚིག
Definition འདི་ནི་ཁྱབ་མཉམ་རྫས་གཅིག་ཅེས་པ་དང་འདྲ། རྫས་སུ་གྲུབ་པའི་དངོས་པོ་ཐ་དད་པ་རྣམས་རང་རང་གི་ངོ་བོའམ་རྫས་སོ་སོར་ནས་མེད་པ། འདི་ལ་ཡང་རིགས་གཉིས་ཡོད། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དོན་བསྡུ་སྔ་མའི་དོན་བཤད་ན། སྒྲ་འཛིན་མངོན་སུམ་གྱིས་སྒྲ་མཐོང་བའི་ཚེ། སྒྲ་ཡི་སྟེང་གི་བྱས་མི་རྟག་མཐའ་དག་མཐོང་སྟེ། དེ་སྒྲ་ལ་སྒྲུབ་པས་འཇུག་པའི་མངོན་སུམ་གང་ཞིག སྒྲ་དང་སྒྲ་ཡི་སྟེང་གི་བྱས་མི་རྟག་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ནས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཞེས་སྒྲ་འཛིན་མངོན་སུམ་དེས་སྒྲ་མཐོང་ཚུལ་ལས་ལོགས་སུ་སྒྲ་ཡི་སྟེང་གི་བྱས་མི་རྟག་སོགས་མཐོང་ཚུལ་མེད་པས་སྒྲ་དང་སྒྲ་ཡི་སྟེང་གི་བྱས་མི་རྟག་ལྟ་བུ་མངོན་སུམ་ལ་སྣང་ཚུལ་སོ་སོ་ནས་མེད་པ་ཞིག་དང་། ཡང་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། བུམ་པའི་མཆུ་འཛིན་པའི་མངོན་སུམ་བུམ་པ་ལ་སྒྲུབ་པས་འཇུག་པའི་མངོན་སུམ་མ་ཡིན་ན། བུམ་པའི་རྡུལ་ཕྲན་ཀུན་མ་མཐོང་བར་བུམ་པ་མངོན་སུམ་དུ་མཐོང་བ་མི་སྲིད་པས་མ་ཁྱབ་པའི་ཕྱིར་དང་། བུམ་པ་མཐོང་བའི་མངོན་སུམ་ཡིན་ན། བུམ་པའི་ལྟོ་ལྡིར་ཞིང་ཞབས་ཞུམ་པར་མཐོང་བས་ཁྱབ་པའི་ཕྱིར། ཞེས་པས་རྫས་གཅིག་ལ་རང་འཛིན་མངོན་སུམ་ལ་སྣང་ཚུལ་སོ་སོར་ནས་མེད་པའི་མ་ཁྱབ་པ་ཆ་ཆ་ཅན་ཡིན་པའི་ཆ་ནས་གཞི་ཆ་ཅན་བུམ་པ་དེ་རང་གི་ཆ། མཆུ་དང་ཞབས། རོ་དང་དབྱིབས་ལ་སོགས་པ་དང་རྫས་གཅིག་ཏུ་འཇོག་ཚུལ་གཉིས་ཡོད་པར་ཤེས་ནུས།
Domain ཚད་མ།
རྫས་གཅིག་ (2)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྫས་གཅིག་གི་མཚན་ཉིད། མངོན་སུམ་ལ་སྣང་བ་གང་ཞིག །ཐ་དད་དུ་མི་སྣང་བ། དཔེར་ན་བྱས་མི་རྟག་ལྟ་བུ། རྫས་གཅིག་ལ་གཅིག་གིས་མ་ཁྱབ་བོ། །ཞེས་གསུངས།