82748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུན་ཚིག་ (1)
Part of speech མིང་ཚིག
Definition མི་དགེ་བ་བཅུའི་ནང་གསེས་ཤིག་སྟེ། འདུ་ཤེས་གཞན་དུ་བསྒྱུར་བའི་དོན་གང་གི་དབང་དུ་བྱས་ནས་སྨྲས་པའི་ཚིག་ཕ་རོལ་པོས་དོན་དེ་མངོན་པར་གོ་བའོ། །དེ་ཡང་བསམ་བཞིན་དུ་དང་། མ་ནོར་བ་ཡིན་དགོས་ཏེ། མ་བསམས་པ་དང་ནོར་བ་ལ་རྫུན་ཚིག་གི་ལས་ཀྱི་ལམ་དངོས་མི་འབྱུང་ངོ་། །ཚིག་དོན་མངོན་པར་མ་གོ་ན་ཚིག་ཀྱལ་པར་འགྱུར་རོ། །རྫུན་ནི་ངག་ཁོ་ན་ཡིན་མི་དགོས་ཏེ། ལུས་དང་ཡིད་ཀྱིས་ཀྱང་བྱེད་པའི་ཕྱིར་ཏེ། དང་པོ་ནི་ཡོད་པ་ལ་ལུས་ཀྱིས་མེད་པའི་བརྡ་བྱེད་པ་ལ་སོགས་པ་དང་། གཉིས་པ་ནིསོར་སོ་ཐར་པ་ལས་གསོ་སྦྱོང་བྱེད་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡིན་ཏེ། དེས་བདག་ཉིད་དག་པར་གོ་བར་བྱེད་པའི་ཕྱིར་རོ། །གཞན་ཡང་བརྒྱད་ཚན་བརྒྱད་པའི་མདོ་ལས། འཕགས་པ་མ་ཡིན་པའི་ཐ་སྙད་བརྒྱད་དང་འཕགས་པའི་ཐ་སྙད་བརྒྱད་དེ་བཅུ་དྲུག་བཤད་པ་ལ་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་རྣམ་པར་ཤེས་པ་ལ་མ་མཐོང་བར་སྨྲ་བ་ལ་སོགས་བཞི་དང་། མ་མཐོང་བ་ལ་སོགས་པ་བཞི་ལ་མཐོང་བ་ལ་སོགས་པར་སྨྲ་བ་བཞི་སྟེ་བརྒྱད་ནི་བྱིས་པའི་ཐ་སྙད་དེ་རྫུན་དུ་འགྱུར་རོ། །མཐོང་བ་ལ་སོགས་པ་བཞི་ལ་མཐོང་བ་ལ་སོགས་དཔེ་སྨྲ་བ་བཞི་དང་། མ་མཐོང་བ་ལ་མཐོང་བ་ལ་སོགས་པར་སྨྲ་བ་བཞི་སྟེ་བརྒྱད་ནི་འཕགས་པའི་ཐ་སྙད་དེ་བདེན་པའི་དོན་ཅན་ཡིན་ནོ། །ཞེས་གསུངས་པའི་མཐོང་བ་ལ་སོགས་པ་དེ་དག་ནི། མིག་རྣ་བ་ཡིད་ཀྱི་རྣམ་པར་ཤེས་པ་དང་གསུམ་གྱིས་ཉམས་སུ་མྱོང་བ་གང་དེ་རིམ་པ་བཞིན་བཤད་ན་མཐོང་ཐོས་རྣམ་པར་ཤེས་པ་དང་། སྣ་ལྕེ་ལུས་ཀྱི་རྣམ་པར་ཤེས་པའི་ཉམས་མྱོང་དེ་ནི་རྟོགས་པ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དྲི་དང་རོ་དང་རེག་བྱ་རྣམས་ནི་ལུང་དུ་མ་བསྟན་པའི་ཕྱིར་ཤི་བ་དང་འདྲ་སྟེ། དེའི་ཕྱིར་དེ་དག་ལ་ནི་རྟོགས་པ་ཞེས་བྱའོ་ཞེས་ཟེར་རོ། །
Domain ཆོས་ལུགས།