82757
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བཅས་ལྡན་དགེ་སློང་གིས་རང་ལས་རྒྱུད་ཐ་དད་པར་མི་ཆོས་བླ་མའི་རྫུན་སྨྲས་པ་ན་ཕ་རོལ་པོའི་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་ཞིག་ལ་འཇོག དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། བཅས་ལྡན་དགེ་སློང་གིས་རང་དང་རྒྱུད་ཐ་དད་པར་ཐ་སྙད་ལྔ་ལྡན་ལུས་ཐ་མལ་དུ་གནས་པ་དེ་ལ་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་ཀུན་སློང་མི་ཆོས་བླ་མ་དེ་དང་མི་ལྡན་བཞིན་དུ་རྫུན་སྨྲ་འདོད་ཀྱིས་སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱིས་མི་ཆོས་བླ་མའི་རྫུན་སྨྲས་པ་ཡུལ་དེས་དོན་གོ་བ་ན་ལྷག་མ་འགྱུར་བའི་ཕྱིར། གླེང་གཞི་ནི། ཉ་པའི་གྲོང་དུ་དགེ་སློང་ལྔ་བརྒྱས་མི་ཆོས་བླ་མ་རྫུན་དུ་སྨྲས་ནས། འོད་མའི་གྲོང་དུ་ཕམ་པ་འདི་བཅས་སོ། །དགག་བྱ་ནི་རང་ཆོམ་རྐུན་པའི་གྲངས་སུ་ཚུད་པ་དང་། གཞན་བསླུས་པའི་སྒོ་ནས་གནོད་པའོ། །འདི་འཆད་པ་ལ། མདོར། འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་ནའོ། །ཞེས་སོགས་གསུངས་སོ། །དེ་ཡང་སྨྲ་ཡུལ་དེ་རང་ལས་རྒྱུད་ཐ་དད་པ་གཅིག་དགོས་ཏེ། དགེ་སློང་མས་གཞན་གྱི་གཞན་དུ་མནའ་དོར་ན་ལྟུང་བྱེད། གཅིག་པུར་མནའ་དོར་ན་ཉེས་བྱས་སུ་བཤད་པ་དང་། ཞུ་བར། དབེན་པར་འདུ་ཤེས་ཏེ་སྨྲས་ན་སྦོམ་པོའོ། །ཞེས་སོགས་ཀྱིས་གྲུབ་པའི་ཕྱིར། མི་ཡིན་པ་གཅིག་དགོས་ཏེ། མི་མ་ཡིན་ལ་སྨྲས་ན་སྦོམ་པོ་དང་། དུད་འགྲོ་ལ་སྨྲས་ན་ཉེས་བྱས་ཙམ་ལས་མི་བསྐྱེད་པའི་ཕྱིར། ཐ་སྙད་ལྔ་དང་ལྡན་པ་གཅིག་དགོས་ཏེ། སྨྲ་མི་ཤེས་ན་གཞན་ལ་སྒྲོག་པ་མི་འབྱུང་། དོན་མ་གོ་ན་ངག་སྨྲས་པའི་དགོས་པ་མི་འབྱུང་། ཤེས་པ་རང་བཞིན་དུ་མི་གནས་ན་གཞན་ཡིད་མི་ཆེས། མ་ནིང་དང་མཚན་གཉིས་པ་སོགས་དྲན་པ་མི་གསལ་བའི་ཕྱིར་རོ། །ལུས་ཐ་མལ་དུ་གནས་པ་གཅིག་དགོས་ཏེ། གཟུགས་གཞན་དུ་བསྒྱུར་བ་ལ་སྨྲས་ན་ལྟུང་བ་ན་སྨད་པའི་ཕྱིར། འདུ་ཤེས་མ་འཁྲུལ་བ་དགོས་ཏེ། རྒྱུན་ཞུགས་ཐོབ་ཅེས་སྨྲ་འདོད་ནས་ཕྱིར་འོང་ཐོབ་ཅེས་སྨྲས་ན་ཕམ་པར་མི་འགྱུར་བའི་ཕྱིར། ཀུན་སློང་རང་དོན་དུ་སྨྲས་པ་གཅིག་དགོས་ཏེ། གཞན་དོན་དུ་སྨྲས་ན་ལྟུང་བ་ན་སྨད་པའི་ཕྱིར། མི་ཆོས་བླ་མ་དེ་དང་མི་ལྡན་པ་གཅིག་དགོས་ཏེ། ལྡན་ན་བདེན་སྨྲའི་ལྟུང་བྱེད་བསྐྱེད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |