82836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་འཇིག་རྟེན་དུ་ངོ་མཚར་རྨད་དུ་འབྱུང་བར་འགྱུར་བ་ལྔ་ (1)
Part of speech མིང་ཚིག
Definition དེ་ཡང་འདུལ་བ་གཞི་ལས་བྱུང་བ་སྟེ། ༡ སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་ཞིང༌། དེ་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་སྟོན་པར་འགྱུར་ཏེ། སེར་སྐྱའི་བུ། འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན། ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་དང་པོ་ཡིན་ནོ། ། ༢ གང་དག་ཆོས་དེ་ཞེས་དང་བཅས་པས་ཉན་ཅིང་བླ་མར་བྱེད། དམ་པར་བྱེད། ཡིད་ལ་བྱེད་ཅིང་སེམས་རྩེ་གཅིག་ཏུ་རྣ་བ་བླགས་ནས་སེམས་ཐམས་ཅད་བསྡུས་ནས་ཉན་པར་བྱེད་པ་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན། ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་གཉིས་པ་ཡིན་ནོ། ། ༣ ཆོས་དེ་གང་དག་གིས་ཐོས་ནས་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་པ་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན། ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་གསུམ་པ་ཡིན་ནོ། ། ༤ ཆོས་དེ་གང་དག་གིས་ཐོས་ནས་དགའ་བ་དང༌། མགུ་བ་དང༌། ངེས་པར་འབྱུང་བ་དང་ལྡན་པའི་དགེ་བ་རྒྱ་ཆེན་པོ་འཐོབ་པ་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན། ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་བཞི་པ་ཡིན་ནོ། ། ༥ ཆོས་དེ་གང་གིས་ཐོས་ནས་དོན་ཟབ་མོའི་གཞི་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་པ་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན། ངོ་མཚར་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བ་ལྔ་པ་ཡིན་ནོ། །
Domain ཆོས་ལུགས།