82947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྭ་བསོད་ནམས་དབང་རྒྱལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་རྟ་ཕྱི་ལོ་ ༡༧༢༦ ལོར་མདོ་སྨད་བཙན་མོ་སྣའི་མང་ངེ་ཞེས་པའི་རུས་སུ་འཁྲུངས། ཆུང་དུས་སུ་དབྱིག་ཀྱ་རབ་འབྱམས་པ་ངག་དབང་འཇམ་དབྱངས་ལས་ཏབ་ཏུ་བྱུང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། སྡེ་ཁྲི་བློ་བཟང་དོན་གྲུབ་དང་རིགས་པའི་སེང་ཆེན་བློ་བཟང་གནས་བརྟན་གཉིས་ལས་བསྡུས་གྲྭ་བློ་རྟགས་དང་། ཕར་ཕྱིན་བཅས་ལ་མཁས་པར་སྦྱངས། དབུས་སུ་བྱོན་ཏེ་འབྲས་སྒོ་མང་གྲྭ་ཚང་དུ་ཞུགས། གཞུང་བཀའ་པོད་ལྔ་ལ་ཐུགས་བརྩོན་གནང་། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། ཁྲི་ཆེན་ནམ་མཁའ་བཟང་ལས་བསྙེན་པར་རྫོགས། སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་སྡེ་བཞིའི་གཞུང་ལུགས་དང་མན་ངག་མཐའ་དག་ལ་མཁས་པར་སྦྱངས། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དང་། ཁྲི་ཆེན་ནམ་མཁའ་བཟང་། ལྕང་སྐྱ་ཐམས་ཅད་མཁྱེན་པ། རྗེ་ངག་དབང་བྱམས་པ། སྟག་ཕུ་གྲུབ་པའི་དབང་ཕྱུག བྲག་རྒྱབ་དཔོན་སློབ་བློ་བཟང་ཆོས་འཕེལ་སོགས་ལས་ཟབ་རྒྱས་ཀྱི་མན་ངག་མཐའ་ཡས་པ་གསན། བླ་བྲངབཀྲ་ཤིས་འཁྱིལ་དུ་གཞུང་བཀའ་པོད་ལྔ་དང་། བསྡུས་གྲྭ་བཅས་པར་དམ་བཅའ་བཞག། རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༧༧༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ཁྲིར་ཕེབས། གདན་ས་ལོ་ལྔའི་རིང་བསྐྱངས། ཐོས་བསམ་གླིང་ལ་བཅའ་ཡིག་ཟུར་དུ་བཞག ཚོགས་ཆེན་ལ་སྦྱིན་བདག་མེད་སྐབས་ཐོས་བསམ་གླིང་ལ་གྲྭ་ཇ་སྟར་ཆགས་སུ་གཏོང་བའི་སྲོལ་བཙུགས། པོ་ཏི་ལྔའི་རྩོད་གྲྭ་ཧོར་ཁོངས་སུ་མི་ལུས་པའི་ཆེད་དུ་རྩོད་ཡིག་བཞག རྭ་སྟོད་ལྟར་བསྡུས་གྲྭའི་ཚོགས་ལངས་བཙུགས། ཁྲི་ཟུར་རྗེས་འཆད་རྩོད་རྩོམ་གསུམ་དང་སྒོམ་སྒྲུབ་ཉམས་མཛད། རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༧༩༣ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅོ་ལྔ་པ་ཡིན། གསུང་རྩོམ་ནི་བསྡུས་གྲྭའི་རྣམ་གཞག་དང་། ལེགས་བཤད་སྙིང་པོའི་དཀའ་གནད་ཀྱི་ཟིན་བྲིས། རྣམ་ཐར་སྒོ་གསུམ་གྱི་མཐའ་དཔྱོད། འདུལ་བའི་སྤྱི་བསྟན་ལྗགས་ཞུས་ཀྱི་འཕྲོ་ཅན་བཅས་བཞུགས།