82965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྭ་ལོ་སྤྲུལ་སྐུ་བློ་བཟང་བསམ་གྲུབ་ (1)
Part of speech མིང་ཚིག
Definition གཙང་རྒྱ་མཁར་ཕུ་རུ་འཁྲུངས། འཁྲུངས་ལོ་མི་གསལ། གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དངོས་སློབ་དང་། རྭ་ལོ་ཙཱ་བའི་སྤྲུལ་སྐུར་ཡང་གྲགས། མདོ་སྨད་དུ་ཕེབས་ནས་རབ་བྱུང་བཅུ་གཉིས་པའི་མེ་བྱི་ཕྱི་ལོ་ ༡༦༩༦ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་བཞུགས། གདན་ས་ལོ་བཅུ་གསུམ་རིང་བསྐྱངས། གསེར་གདུང་སྟེང་ཤོད་དབུས་འབུབ་དང་། བླ་བྲང་འདུ་ཁང་གཉིས་ཀྱི་སྟེང་ཤོད། ཆོས་གྲྭ་ཆེན་མོ་བཞི་སྐོར་བཅས་ཞིག་གསོ་དང་། གསར་བསྐྲུན་མཛད། བྱམས་པ་ཆུ་གཟིགས་མ་ལྷ་ཁང་དང་བཅས་པ། སྨན་བླའི་ཕོ་བྲང་། བཅུ་གཅིག་ཞལ། ཇོ་བོ་རྗེ། ཆོས་རྗེ་རིན་ཆེན་དོན་གྲུབ། རྗེ་རིན་པོ་ཆེ། ཡུམ་ཆེན་མོས་གཙོས་སངས་རྒྱས་སྟོང་སྐུ་སོགས་སྐུ་བརྙན་མང་པོ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་དངུལ་བྲིས་མ། ཚོགས་ཁྲོ་གསར་བ་བཅས་རྟེན་གསུམ་བཞེངས། རབ་བྱུང་བཅུ་གཉིས་པའི་ས་སྟག་ཕྱི་ལོ་ ༡༦༩༨ ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་བྱ་ཁྱུང་དགོན་པར་བཅའ་ཡིག་གནང། རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ་ ༡༧༠༨ ལོར་སྐུ་གཤེགས། བྱ་ཁྱུང་དགོན་པའི་གདན་རབས་ཉེར་དྲུག་པ་ཡིན།