8305

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནོད་འདྲེ་གང་གནོད་རྩིས་ (1)
Part of speech མིང་ཚིག
Definition བོད་ཀྱི་སྐོར་འགོ་བཅོ་ལྔ་ལས་དུར་བྱ་རོག་པོའི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་པའི་གནོད་པའི་འདྲེ་གང་ཡིན་བརྟག་པའི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་སྟག་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མར་འགྲོ་བ་དེ་དང་། མོ་ལོ་ཡིན་ན་ཡོས་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མར་འགྲོ་བ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་སྐྱེས་པ་ཡིན་ན་གཡས་བསྐོར་ལ་རང་ལོས་དུ་ལོན་དང་། བུད་མེད་ཡིན་ན་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེའུ་དེས་ཕོ་བདུད་འདྲེ་རུ་ལངས་མ་ལངས་བརྟག། དཀར་པོ་བྱུང་ན་མ་ལངས་པས་བཟང་། ནག་པོ་བྱུང་ན་ལངས་པས་སྐྱེས་པ་ཕོ་རིགས་ལ་ངན། བཅོས་རིམ་ལ་དམ་སྲི་སོགས་གནོན། རྩིས་གཞི་དེའི་མར་གྱི་བཞི་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་ནི་གཉིས་པ་ཡིན་ཞིང་། རྡེའུ་དེས་མོ་བདུད་འདྲེ་རུ་ལངས་མ་ལངས་ལ་བརྟག། རྡེའུར་དཀར་པོ་བྱུང་ན་མ་ལངས་པས་མོ་རིགས་འཕེལ་བར་འགྱུར། ནག་པོ་བྱུང་ན་ལངས་པས་མོ་རིགས་ལ་ངན། བཅོས་སུ་བཟློག་ཆོག་འབྱུང་བ་གཏོ་བསྒྱུར་དང་དགྲ་མནན་བྱ། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་དེ་གསུམ་པ་ཡིན་ཞིང་། རྡེའུ་དེས་ནོར་འཕེལ་འགྲིབ་བརྟག། རྡེའུ་དཀར་པོ་བྱུང་ན་མི་རྐུ་བས་ཟས་ནོར་འཕེལ། ནག་པོ་བྱུང་ན་རྐུ་བས་འགོང་པོ་སྐྱས་འདེབས་བྱ། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་དེ་བཞི་པ་ཡིན་ཞིང་། རྡེའུ་དེས་ཐེལ་འགོང་མངལ་དུ་ཞུགས་མ་ཞུགས་བརྟག། རྡེའུ་དཀར་པོ་བྱུང་ན་མ་ཞུགས་པས་མི་རྒྱུད་འཕེལ། ནག་པོ་བྱུང་ན་ཞུགས་པས་མི་རྒྱུད་མི་འཕེལ། བཅོས་རིམ་ལ་ཐེའུ་བྲང་སྐྱས་འདེབས་སོགས་བྱ་དགོས། རྩིས་གཞི་དེར་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེལ་ནི་ལྔ་པ་ཡིན་ཞིང་། རྡེའུ་དེས་གྲེ་བོས་སྲོག་ལ་རྒོལ་མི་རྒོལ་ལ་བརྟག། རྡེའུ་དཀར་པོ་བྱུང་ན་མི་རྒོལ་བས་ཚེ་སྲོག་སྲ་བར་འོང་། ནག་པོ་བྱུང་ན་རྒོལ་བས་ཚེ་དང་སྲོག་ལ་བར་ཆད་ཡོང་། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་དེ་དྲུག་པ་ཡིན་ཞིང་། དེས་རྒྱལ་འགོང་འབྱུང་བོས་རང་གི་བླ་ཚེ་རྐུ་མི་རྐུ་ལ་བརྟག། རྡེའུ་ལ་དཀར་པོ་བྱུང་ན་མི་རྐུ་བས་བཟང་། ནག་པོ་བྱུང་ན་རྐུ་བས་རྒྱལ་པོ་གཞི་མགྱོགས་བྱ། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་ནི་བདུན་པ་ཡིན་ཞིང་། རྡེའུ་དེས་གྲེ་བོ་ཨ་ཐང་ཆད་མ་ཆད་བརྟག། རྡེའུ་དཀར་པོ་བྱུང་ན་མ་ཆད་པས་རང་ལ་བཟང་། ནག་པོ་བྱུང་ན་ཆད་པས་དར་སྲི་མནན་ཆོག་དང་ཁྲོ་རོལ་གཙུག་ཏོར་སོགས་གདོན། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་དེ་བརྒྱད་པ་ཡིན་ཞིང་། རྡེའུ་དེས་དམ་སྲིའི་རྒྱལ་མཁར་རང་སར་ཆགས་མ་ཆགས་བརྟག། རྡེའུ་དཀར་པོ་བྱུང་ན་མ་ཆགས་པས་བཟང་། ནག་པོ་བྱུང་ན་ཆགས་པས་རྒྱལ་པོ་སྐྱས་འདེབས་བྱ་དགོས།
Domain རྩིས་རིག