83215

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུུང་གི་ལྷ་མོ་ཀུན་སྒྲོལ་མ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བདེར་གཤེགས་རིགས་ལྔའི་ནང་གསེས་ལྷ་ཆེན་དགེ་ལྷ་གར་ཕྱུག་གི་ཕྱག་རྒྱའི་ཡུམ་ཡིན་ལ། གནས་ནི་དཀྱིལ་འཁོར་བྱང་ཕྱོགས་ཀུན་འབྱུང་གསས་མཁར་གྱི་ཤར་ཕྱོགས་སུ། གདན་ནི་པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སྔོན་མོ་དབུ་ལ་གཡུ་ཡི་ཟེའུ་པྲོག་ལ་འཁོལ་ལོའི་ཐོད་ལྡིང་ཅན། སྐུ་ལ་ཆུ་དར་ན་བཟའ་ལ་རིན་ཆེན་ཧ་ཡིས་བརྒྱན་པ་གསོལ་བ། གཡས་པས་གཡུ་ཡི་འཕྲེང་བ་དང་གཡོན་པས་གཡུ་ཡི་གབ་རྩེ་བསྣམས་སོ། །སྐུ་གསུང་ཐུགས་སོགས་ཀྱི་ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་ཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བ་ཞི་བའི་ཆ་བྱད་ཅན་གྱི་ལྷ་མོ་ཞིག་གོ ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ཁྲི་ལེ་འདུ་འདུ་ཀ། ཞེས་པའམ་བསྡུས་ན་ཀ་ཡིག་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། ས་ལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། ཁྲི་ལེ་ནི་ཤེས་རབ་ཏུ་མཚོན། ཀ་ནི་རླུང་གི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །གནས་ཡུལ་ནི། ལུས་ཀྱི་གློ་བའི་རྩ་སྡོམ་དུ་གནས་སོ། །བྱེད་ལས་ནི། འདུ་བྱེད་ཀྱི་ཕུང་པོའི་བདུད་བཅོམ་ནས་ལྷ་མོ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ངོ་བོ་ཉིད་སྐུ་དང་གར་གསས་བཙན་པོའི་སྐུ་རུ་འཐོབ་ལ། མ་རྟོགས་ན་ང་རྒྱལ་གྱི་ས་བོན་སྟེ་ལྷ་མིན་གྱི་ཞིང་དུ་ཤར་བར་གསུངས་སོ། །
Domain ཆོས་ལུགས།