83333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་ཞབས་དྲུང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལ་མོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ཕྱི་ལོ་ ༡༦༦༠ ལོར་མདོ་སྨད་སྲིན་པོའི་ལྷ་ཞོལ་མར་ཁུ་ཐང་དུ་འཁྲུངས། ༸་གོང་ས་ལྔ་པ་ཆེན་པོ་དང་ལ་མོ་ཆོས་སྐྱོང་གཉིས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། ༸ལྔ་པ་ཆེན་པོ་ལས་བསྙེན་པར་རྫོགས་ཤིང་། ལ་མོ་གྲགས་པ་རྒྱ་མཚོ་སོགས་ལས་ཆོས་བཀའ་མང་བོ་གསན། རྒྱལ་དབང་བདུན་པའི་ཡོངས་འཛིན་དུ་བཞུགས། རྗེ་འདི་ནི་ཆོས་སྲིད་གཉིས་ཐད་ནས་ཤིན་ཏུ་གནད་ཆེ་བ་ཞིག་སྟེ། ༸གོང་ས་རྒྱལ་དབང་སྐུ་ཕྲེང་བདུན་པ་ལི་ཐང་དུ་འཁྲུངས་པ་དེ་དུས་བོད་གཞུང་མི་དཔོན་རྣམས་སྲིད་དོན་འཐེན་འཁྱེར་གྱི་ཟིང་ཆ་ཆེ་ཞིང་། བོད་ཀྱི་མངའ་བདག་གོང་ས་རྒྱལ་དབང་གོང་མའི་གསེར་ཁྲིར་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་བཞུགས་བཞིན་པར་བརྟེན། འཕྲལ་དུ་རྒྱལ་ས་ལྷ་ལྡན་དུ་གདན་འདྲེན་སྟབས་མ་བདེ་བས། རྗེ་འདི་དང་༸གོང་ས་ལྔ་བ་ཆེན་པོས་མཚོ་སྔོན་ཁྲི་པར་བསྐོས་པ་ཨ་ཁུ་བཀྲ་ཤིས་( འདི་ཀོ་ཤྲི་ཧན་ལ་སྲས་བཅུ་ཡོད་པའི་ཆུང་ཤོས་ཡིན། ) དཔའ་ཐུར་གཉིས་ཀྱི་གཙོ་བོར་མཛད་ནས་༸གོང་ས་མཆོག་སྤྲུལ་རིན་པོ་ཆེ་མཚོ་སྔོན་དུ་གདན་དྲངས། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་༸གོང་ས་མཆོག་དང་བོད་གཞུང་མན་ཇུའི་སྲིད་དབང་དུ་མི་འགྲོ་བའི་ཐབས་ཡིན་ལ། འོན་ཀྱང་ད་བར་གྱི་ལོ་རྒྱུས་སྲིད་དོན་སྨྲ་བ་རྣམས་ཀྱིས་དེ་འདྲའི་ལོ་རྒྱུས་ལ་ཕྱིར་མིག་ཙམ་ཡང་མི་ལྟ་བ་ཤིན་ཏུ་ཕངས་པའི་གནས་ཡིན། ༸གོང་ས་མཆོག་སྤྲུལ་རིན་པོ་ཆེ་མཚོ་སྔོན་ཕྱོགས་སུ་རྒྱུན་རིང་བཞུགས་དགོས་བྱུང་བ་དེའི་སྐབས་རྗེ་འདིས་དབང་ལུང་མན་ངག་སོགས་ཟབ་ཆོས་མཐའ་ཡས་པ་འབུལ་བར་མཛད་པ་སྟེ། འདིའི་སྐོར་༸གོང་ས་མཆོག་གི་མཛད་རྣམ་སོགས་ལས་ཤེས་དགོས་ཤིང་། གོང་ས་མཆོག་དེ་ཉིད་ཀྱིས་ཀྱང་རྗེ་འདི་ཡོངས་འཛིན་གཞན་ལས་བཀའ་དྲིན་མཆོག་ཏུ་ཆེ་བར་བཀུར་བ་ཡང་ཆོས་ཕྱོགས་ཙམ་ནས་མ་ཡིན་པར་ལུགས་གཉིས་ཀ་ནས་གནད་ཆེ་བས་ཡིན། རྒྱུ་མཚན་དེ་དང་དེ་འདྲ་བ་མང་པོའི་གནད་ཀྱིས་གཞུང་ས་མཆོག་གིས་རྗེ་འདིའི་སྐུ་ཕྲེང་རིམ་བྱོན་དང་བཅས་པར་ཐོབ་གོ་ས་དང་ཆོ་ལོ། བཀའ་ཤོག་ཐམ་ཀ་སོགས་མང་པོ་གནང་ནས་གཟེངས་བསྟོད་མཛད་པ་འགངས་ཆེ་ཞིང་། ༸ གོང་ས་བཅུ་གསུམ་པ་ཆེན་པོས་ཞབས་དྲུང་དཀར་པོ་སྐུ་ཕྲེང་བདུན་པའི་ངོས་འཛིན་གནང་སྐབས་གཞན་དང་མི་འདྲ་བར་ཐུགས་ཁུར་ཆེར་བཞེས་གནང་བ་ཡང་རྒྱུ་མཚན་དེ་འདྲ་ཞིག་ཏུ་མངོན། མང་འབབ་བྱ་གསུམ་དང་སྤྲ་ནག་ཁ་གསུམ། འབུམ་རྒྱལ་བུ་རྒྱུད། བཱ་ཡན་སོགས་སུ་བཙུན་ཁྲལ་བསྡུས་ཏེ་ཕྱི་ལོ་ ༡༦༨༢ ལོར་ལ་མོ་བདེ་ཆེན་ཆོས་འཁོར་གླིང་བཏབ། སྡེ་འདིར་དགེ་འདུན་ཞལ་གྲངས་ལྔ་བརྒྱ་སྐོར་བཞུགས་པ་ལས་འཆད་ཉན་བཤད་སྒྲུབ་ལེགས་པས་མཁས་གྲུབ་སྐྱེས་ཆེན་དམ་པ་ཟམ་མ་ཆད་པར་བྱོན་ཞིང་། བཀའ་པོད་ལྔ་སོགས་གཞུང་ཆེན་མོའི་གསུང་རྩོམ་ཉི་ཟླ་ནོར་བུའི་སྒྲོན་མ་ཐུབ་བསྟན་ཀུན་གསལ་མཛེས་པའི་རྒྱན་དུ་འདྲེན་མཁན་ཡང་མང་དུ་བྱོན་སྣང་ངོ་། །དགུང་ལོ་རེ་དགུ་བ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ ༡༧༢༦ ལོར་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །

{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་

|; |@@@ | | }}